མདུན་ངོས། མྱོང་བྱང་། བྱིས་པའི་གནས་...

བྱིས་པའི་གནས་སྐབས་ཀྱི་བྱུང་བ།

༡༨༦༦༠༢

 ༡༽

༄༅། །རབ་རྒྱལ་༡༦འཕར་བའི་ཡེ་ལོའི་ ༡༩༦༡ བུག་ཟླའི་ ༠༩ ཚེས་ཆེན་ ༡༥ ཉིན། སྐྱེད་བྱེད་ན་ག་པ་སངས་བསྟན་འཛིན་དང་སྐྱེད་མ་དོན་གྲུབ་སྒྲོལ་མར་གོང་གསལ་ལོ་ཟླ་ཚེས་གྲངས་ཉིན་རང་ཉིད་ཀྱི་ལྟེ་ཁྲག་བོར་བ་ཐོས། ནམ་ཞིག་དབང་པོ་དྲུག་པོས་ཡུལ་དྲུག་ངོས་འཛིན་ཐུབ་པའི་གནས་སྐབས་དེ་ཙམ་ན་རང་ཉིད་འཕགས་ཡུལ་བྱང་ཕྱོགས་ཉུང་ཏི་ཞེས་པ་སུམ་རྩེན་ལ་འགྲན་པར་བཟོད་པའི་རི་གྲོང་གི་ཡུལ་ལྗོངས་ལྟ་བས་ཆོག་མི་ཤེས་པ་དེར་འཚོ་སྡོད་བྱས་པ་ད་ལྟའང་དྲན་ལམ་དུ་མཆིས། དེ་ནི་ཕལ་ཆེར་སྣོད་ཀྱི་འཇིག་རྟེན་འདིར་བཅུད་ཀྱི་སེམས་ཅན་རང་ཉིད་སྐྱེས་ནས་ལོ་ངོ་བཞིར་ངོ་བསྟན་པའི་གནས་སྐབས་ཤིག་མིན་ནམ་སྙམ།།

དེ་སྐབས་བཙན་བྱོལ་དུ་གྱར་བའི་བོད་མི་ཕལ་ཆེ་བ་ནི་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་སྣ་ཚོགས་སུ་ལམ་བཟོའི་ལས་ལ་ཞུགས་ཏེ་རང་གི་མ་མཐའི་འཚོ་ཚིས་ལ་དཀའ་བ་སྤྱོད་བཞིན་པའི་གནས་སྐབས་ཤིག་ཡིན། འོན་ཀྱང་གངས་ཅན་ལྷ་གཅིག་ཕྱག་ན་པདྨོ། བོད་འབངས་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་གི་ནོར་བུ། ས་གསུམ་གྱི་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཟླ་མེད་ལ་བརྟེན་ནས་བཙན་བྱོལ་བྱེས་གཞུང་གིས་བོད་ཕྲུག་ཡོངས་ལ་སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་བཀའ་དྲིན་སྩོལ་བར་མཛད་པ་དེ་ནི་བོད་ཀྱི་འབྱུང་འགྱུར་ཐད་མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་རྐེད་པ་ཟེར་བ་དེར་གྱུར་ཡོད་པ་ད་གཟོད་ང་ཚོར་གསལ་བར་གྱུར།།

རང་ཉིད་ལ་ཡང་དེ་ཡི་གོ་སྐབས་ཐོབ་པར་བརྟེན་མནོ་མི་ཤེས་པའི་བྱིས་པ་ཆུང་ཆུང་ཞིག་དྷ་སྟེང་བོད་ཁྱིམ་ནས་རྩིས་བཞེས་གནང་འདུག་ཀྱང་། རང་གི་ཕ་མར་ཟླ་འགའི་རྗེས་ལམ་གླས་འགྲུལ་གྲོན་འདང་ཙམ་བྱུང་འཕྲལ་རང་ཉིད་ཐུག་ཏུ་བོད་ཁྱིམ་དུ་སླེབས་སྐབས་ཡ་མཚན་པ་ཞིག་ལ་བུ་སྡུག་ཐུག་རྒྱུ་ལྟ་ཞོག་འཛིན་སྐྱོང་ལས་བྱེད་རྣམ་པར་རང་ཉིད་གང་དུ་ཡོད་མིན་གྱི་གནས་ཚུལ་ཙམ་ཡང་མཁོ་འདོན་གནང་ཐུབ་མི་འདུག །དེ་ནས་ལོ་གཉིས་ཙམ་གྱི་རྗེས་ཕྲན་གྱི་ཕ་མར་རང་ཉིད་རྒྱ་གར་བྱང་ཤར་ཀ་ལིམ་པོང་ཞེས་པའི་བོད་མིའི་སློབ་གྲྭར་བཏང་བའི་གནས་ཚུལ་ཞིག་ཐོས་པ་ཙམ་ལས་དེ་ལས་ལྷག་པའི་བདེ་མཚམས་ཡིན་པའི་གནས་ཚུལ་ཙམ་ཡང་གོ་ཐོས་བྱུང་མི་འདུག །བོད་མི་རྣམས་དགུན་གྱི་དུས་སུ་ནི་ཉུང་ཏི་ལ་སོགས་པའི་ཡུལ་ལྗོངས་དེ་དག་གི་ས་ཁུལ་ཁག་ཏུ་གནས་ངེས་མེད་དུ་གནའ་བོའི་འབྲོག་སྡེ་བཞིན་མགོ་སྦྲ་མེད་ཀྱང་དེའི་དོད་ཐུབ་རས་གུར་ཕུབ་སྟེ་ལམ་བཟོའི་ལས་དོན་གཉེར་བ་དང་། དབྱར་གྱི་དུས་སུ་ནི་བོད་དང་ས་ཐག་ཉེ་བའི་སྤྱི་ཏི་སོགས་ཀྱི་ཡུལ་ལྗོངས་སུ་དོས་སྐྱེལ་མོ་ཊ་ཆེན་པོ་དེ་དག་གི་ནང་དུ་བོད་མི་ལམ་བཟོ་བ་རྣམས་བརྒྱ་ཤོག་དང་བརྒྱ་ཤོག་བྱས་ཏེ་གནས་སྤོ་བྱེད་ཀྱི་ཡོད་ཅིང་། ཅུང་ཟད་རྒྱ་གར་གྱི་སྐད་བརྡ་འཕྲོད་པ་དང་སྤྱང་གྲུང་འཛོམས་པའི་བོད་མི་ཁག་གཅིག་གིས་ནི་དགུན་གྱི་དུས་སུ་ལྡི་ལི་སོགས་རྒྱ་ཐང་ཁག་ཏུ་བལ་གོས་ཀྱི་ཚོང་རྭ་གཉེར་ཏེ་རང་གི་འཚོ་ཚིས་གཞན་དྲིང་མི་འཇོག་པར་གྱུར་པའང་ཇི་སྙེད་ཅིག་བྱུང་ཡོད། བལ་གོས་ཀྱི་ཚོང་དེ་ནི་བོད་མི་བཙན་བྱོལ་བ་རྣམས་ལ་མཚོན་ན་ཤིན་ཏུ་དྲིན་ཆེན་པོ་དང་། པཎྗཱབ་མངའ་སྡེེའི་གྲོང་ཁྱེར་ལུ་དྷི་ཡཱ་ནཱ་ནི་བལ་གོས་ཀྱི་ཐོན་ཁུངས་ལྟེ་བར་གྱུར། རྒྱ་གར་གྱི་ཚོང་ཤག་དེ་ཚོས་ཀྱང་བོད་མི་ཚོང་པ་རྣམས་ལ་ཡིད་ཆེས་ཆེན་པོ་བྱས་ཏེ་ཧིན་སྒོར་འབུམ་ཕྲག་མང་པོའི་བུ་ལོན་གཏོང་གི་ཡོད་པས་བལ་གོས་ཀྱི་ཚོང་འདི་ནི་བཙན་བྱོལ་བོད་མིའི་འཚོ་བའི་མཐུན་རྐྱེན་གཙོ་བོ་དེ་ཆགས་ཤིང་། དེང་སང་ཡང་བོད་མི་ཚོས་ཚོང་ལས་དེ་གཉེར་བཞིན་པ་རེད། གཞན་ཡང་བོད་མི་ཁག་གཅིག་གིས་རྟ་བོང་གཉེར་ཏེ་དོས་སྐྱེལ་གྱི་དལ་གླས་རང་གི་འཚོ་བར་ཅུང་ཟད་གླན་ཐུབ་པ་དེ་འདྲའང་བྱུང་ཡོད། དེ་དག་གི་ཁོངས་སུ་རང་གི་ཕ་རྒན་ཡང་ཚུད།།

ཉུང་ཏིའི་ཡུལ་ལྗོངས་ནི་བལ་དང་སྣམ་བུ་ལས་གྲུབ་པའི་གོས་བཟོ་ཤཽལ་དང་། རང་བྱུང་ཐོན་སྐྱེད་ལ་མཚོན་ན་སིལ་ཏོག་ཀུ་ཤུ་ནི་ཤིན་ཏུ་སྐད་གྲགས་ཆེ། ཀུ་ཤུའི་ནམ་དུས་སྐབས་མི་མང་པོར་ཀུ་ཤུ་དང་འབྲེལ་བའི་ལས་རིགས་སྣ་ཚོགས་ཐོབ་པར་མ་ཟད་ཀུ་ཤུའི་ལྡུམ་རའི་ནང་སྐྱེ་བོ་སུ་འདྲ་ཞིག་སླེབས་ཀྱང་གཏོང་ཕོད་ཆེན་པོའི་ངང་ཀུ་ཤུ་སྤུས་ལེགས་གང་འདོད་སྦྱིན་གཏོང་གི་གོམས་གཤིས་བཟང་པོ་ཞིག་ཡུལ་མི་རྣམས་ལ་རང་ཆས་སུ་ཡོད།།

འཇིག་རྟེན་ཀུན་ལ་གྲགས་པ་བཞིན་བུ་སྡུག་སྟོར་བ་དང་གཉིས་སུ་མ་མཆིས་པའི་བདག་གི་ཕ་མ་གཉིས་ལ་ལམ་བཟོའི་འདུ་བྱེད་ཀྱི་རྐྱེན་པས་ལུས་དུབ་པའི་ཁར་བུ་སྡུག་སྟོར་བའི་སེམས་ཀྱི་དཀའ་ངལ་སྣོན་མ་ཞིག་ཏུ་གྱུར་པ་ནི་སུ་ཞིག་གིས་མནོ་བསམ་བཏང་ནའང་འཁོར་མ་ཐུབ་པ་ག་ལ་སྲིད། དེ་ལྟར་བྱུང་བ་ནི་དྷ་སྟེང་བོད་ཁྱིམ་འཛིན་སྐྱོང་གི་ལས་བྱེད་རྣམས་ཀྱིས་བདག་གི་ཕ་མར་གནོད་སེམས་བྱས་པ་ཡང་མིན་ལ། བདག་གིས་བློས་མི་མཁྱུད་པའི་ཉེས་པ་བསགས་ཏེ་རང་ཉིད་རྒྱང་ཕུད་དུ་བཏང་བ་དེ་འདྲའང་ག་ལ་ཡིན། མདོ་ལས་ཇི་སྐད་བྱུང་བ་བཞིན། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་དངོས་འབྲེལ་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གང་རུང་ཞིག་གི་འབྲས་བུ་སྨིན་པར་གྱུར་པ་ལ་ཆོས་ཀྱི་བློ་མིག་ལྡན་པ་ཀུན་ལ་ལྐོག་གྱུར་མིན། འདི་ནི་དངོས་འབྲེལ་རང་ཉིད་ལ་ལྐོག་ཏུ་གྱུར་པའི་ལས་རྒྱུ་འབྲས་ཀྱི་ལྟ་བར་ཚེ་རབས་གཞན་དང་གཞན་དུ་བཤད་སྒྲུབ་ཚུལ་བཞིན་མ་བྱུང་བའི་ཉེས་པ་ཉག་ཅིག་ཡིན་པ་ལ་སུ་ཞིག་ཐེ་ཚོམ་ཟ། འཕགས་ཡུལ་གྱི་མི་རྣམས་ནམ་ཞིག་དཀའ་ངལ་འཕྲད་པ་ན་ལག་གི་སྟེང་དུ་ལག་བཞག་སྟེ་མི་སྡོད་པའི་དཔེ་བཞིན་བདག་གི་ཕ་མ་གཉིས་ནས་ཀྱང་ལག་ཐོག་ལག་བཞག་གི་རྣམ་ཐར་གྱི་རྗེས་སུ་མ་འབྲངས་པར་སྒོ་གསུམ་རྩལ་དུ་བཏོན་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་སྤྱད་དེ་མཐར་ཀ་ལིམ་པོང་གི་སློབ་གྲྭ་དེ་ནས་ཉུང་ཏིའི་འབྲོག་སྒར་གྱི་རས་གུར་ནང་དུ་རྨི་ལམ་བཞིན་དུ་སླར་ཡང་ཉིན་གཅིག་མ་བུ་འཕྲད་པའི་རྣམ་ཐར་གྱི་ལེའུ་སོ་མ་ཞིག་འགོ་ཚུགས་སོ།།

ཐོག་མར་རང་གི་ཕ་མས་རང་ཉིད་ཀྱི་བྱད་བཞིན་ལ་ལེགས་པར་གཟིགས་པའི་བརྒྱུད་ནས་ངོ་ཆོད་པ་མ་གཏོགས་བདེ་བླག་ངང་ངོ་མི་ཆོད་པའི་མཚམས་ལ་སླེབས་ཡོད། རང་ཉིད་ལ་མཚོན་ན་དེ་བས་ཕ་མ་ངོ་ག་ནས་ཆོད། རྒྱུ་འབྲས་སླུ་མེད་ཀྱི་རྟེན་འབྲེལ་ཉག་ཅིག་ལ་བརྟེན་ནས་ཕ་མར་བུ་སྡུག་དང་བུ་སྡུག་ལ་ཕ་མར་འཕྲད་པ་ནི་བཀྲ་ཤིས་པའི་གཏམ་བཟང་ཞིག་ཡིན་པས་ཁྱེད་ཅག་ཀློག་པ་པོ་རྣམས་ལ་སྐྱེས་སུ་ཕུལ། རང་དང་ལྟོས་བཅས་ཀུན་དཀོན་མཆོག་གསུམ་ལ་རྩེ་གཅིག་ཏུ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པར་བརྟེན་གོང་གསལ་བྱུང་བ་ལ་བརྟེན་ནས་སུ་ལའང་སྡང་སེམས་དང་འཁོན་འཛིན་ཡེ་ནས་ཅི་ཡང་བཅང་མ་མྱོང་བ་ལ་གཞིགས་ན་རང་དང་ལྟོས་བཅས་ཀུན་ཀྱང་ཨོ་རྒྱན་པདྨས་བྱིན་གྱིས་བརླབས་པའི་གདུལ་བྱར་ཁུམས།།

མནོ་མི་ཤེས་པའི་བྱིས་པ་ཞིག་ལོ་རབས་དྲུག་ཅུའི་མཇུག་ཏུ་བོད་མིའི་སློབ་གྲྭ་ཞིག་ཏུ་བཏང་ནའང་ལོ་གཅིག་ལོ་གཉིས་ནང་ཀུན་སྤྱོད་སློབ་གསོའི་བག་ཆགས་འཇོག་རྒྱུ་ཙམ་ཡོད་ན་མ་གཏོགས་ཡི་གེ་ཡོན་ཏན་དུས་ཡུན་དང་འཚམ་པ་ཞིག་ཤེས་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། རང་ཉིད་ལ་མཚོན་ན་དེ་སྔོན་གྱི་སློབ་གྲྭ་དེར་དབྱངས་གསལ་ཙམ་གྱི་འབྲི་ཀློག་ཤེས་པའང་མི་དྲན། ཐོད་པའི་རི་མོ་བསུབ་ཏུ་མེད་པར་བཤད་པ་བཞིན་རང་ཉིད་ལ་ཡི་གེ་ཡོན་ཏན་སྦྱོང་རྒྱུའི་བསྐལ་བ་ཡོད་པར་བརྟེན་ཉུང་ཏི་ཁུལ་གྱི་ཡུལ་ཕྲན་པ་ཏི་ལི་ཀུ་ཧལ་ཞེས་པའི་ས་གནས་དེར་ལམ་བཟོའི་སྤྱི་ཁྱབ་དང་བརྒྱ་དཔོན་རྣམས་ཀྱིས་ཐུགས་འགན་བཞེས་ཏེ་སློབ་གྲྭ་གསར་པ་ཞིག་དབུ་འབྱེད་གནང་། དེ་ནི་ཕྱི་ལོ་ ༡༩༦༨ ནང་གི་གནས་ཚུལ་ཡིན། །སྐབས་དེ་དུས་ཀུ་ལུ་མ་ནཱ་ལཱིའི་ལམ་བཟོའི་སྤྱི་ཁྱབ་རྒན་གཞོན་ནི་སྐུ་ངོ་བྱམས་པ་ཕུན་ཚོགས་དང་ཀ་མི་དཀར་ཆོས་མཛད་རྣམ་གཉིས་སོ། །ཐོག་མར་སློབ་གྲྭ་དེ་ལམ་བཟོའི་སྤྱི་ཁྱབ་དང་བརྒྱ་དཔོན་རྣམས་ཀྱིས་ལམ་བཟོ་བའི་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་ལ་དམིགས་ཏེ་ཐུགས་འགན་རང་ཉིད་ཀྱིས་བཞེས་ནའང༌། རིམ་གྱིས་ཁོང་རྣམས་ནས་བདེ་སྡུག་སྙན་ཞུ་ཕུལ་འབྲས་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཡན་ལག་ཅིག་ཏུ་རྩིས་བཞེས་གནང་སྟེ་གཟིགས་རྟོག་གནང་ཡོད། ལོ་ཤས་རིང་རྒྱ་གར་དབུས་བོད་མིའི་སློབ་གྲྭའི་འཛིན་སྐྱོང་ནས་སློབ་སྤྱི་ཞིག་ཀྱང་བསྐོ་གཞག་ཕེབས་ཡོད། ང་རང་སློབ་གྲྭ་དེར་འཛིན་གྲྭ་དྲུག་པ་བར་སློབ་སྦྱོང་བྱས། ངའི་འཛིན་གྲོགས་ད་ལྟ་བཞུགས་སྒར་གྱི་ཁོར་ཡུག་ཏུ་ཡོད་པ་རྣམ་གཉིས་ནི་སམྦྷོ་ཊའི་འགན་འཛིན་ཀརྨ་ཁྱུང་གྲགས་དང་སྒྲོལ་མ་གླིང་གི་སློབ་སྤྱི་ཀུན་བཟང་བདེ་ཆེན་ལགས་རྣམ་གཉིས་རེད། དེ་སྐབས་སློབ་སྦྱོང་དང་ལྷན་ངལ་རྩོལ་ཡང་མོ་དེ་འདྲའང་བྱེད་དགོས་ཡོད། དཔེར་ན་སློབ་གྲྭའི་འདབས་ཀྱི་ནགས་ནས་མེ་ཤིང་འཐུ་བ་དང་། རི་སྟེང་ནས་ལབ་ཕུག་དང་། ཀ་ཊ་རེན་ནས་འབྲས་དང་གྲོ་ཞིབ་ལེན་དུ་འགྲོ་དགོས་པ་སོགས་ཡིན། ངལ་རྩོལ་དེ་རིགས་བྱེད་སྐབས་ང་ཚོར་སྐྱིད་སྣང་ཞིག་མ་གཏོགས་སྡུག་གི་སྣང་བ་ཞིག་གཏན་ནས་སྟེར་མ་མྱོང་། ལམ་རིམ་ཆེན་མོའི་ཚིག་བརྗོད་ཅིག་འདིར་གཡར་ན། ངལ་རྩོལ་འདི་རིགས་ནི་རྒྱན་དུ་འགྲོ་བ་ལས་ཁུར་དུ་འགྲོ་བ་ནམ་ཡང་མ་ཚོར་ཞེས་བརྗོད་ཆོག །སྐབས་དེ་དུས་རང་ལ་དགེ་རྒན་སྔ་ཕྱི་མང་པོ་བྱུང་ཡོད་པ་ལས་དྲན་གསོས་པ་འགའ་ཞིག་ནི་རྒན་ཆུང་བདག  །སྐུ་ངོ་ཐུབ་བསྟན་བཀྲ་ཤིས། ཧིནྡཱི་དགེ་རྒན་ངའི་གཅེན་མོ་ཉི་མ་དཔལ་མོ། འཆད་པ་ཨ་ལགས་འཇམ་དཔལ་དང་། རྒན་བསོད་ནམས་དོན་གྲུབ། རྒན་བློ་གྲོས་ཕུན་ཚོགས། རྒན་བདེ་སྐྱིད་སོགས་དང་། འཛིན་སྐྱོང་ལས་བྱེད། དེ་བཞིན་མ་མ་དཔལ་གཡང་སོགས་དང་མ་བྱན་ཞང་ལགས་སོགས་ཡིན། འཆད་པ་ཨ་ལགས་འཇམ་དཔལ་དང་མ་བྱན་ཞང་ལགས་ནི་ད་ལྟ་མི་ཡུལ་ན་མཇལ་དུ་མེད་ལ། ད་ལམ་སྒྲུང་འདི་བརྒྱུད་ཁྱེད་རྣམས་ལ་དྲན་གསོ་ཞུ་བ་དང་ཆབས་ཅིག་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་ལགས་སོ། །དེ་ནས་བཟུང་ཕྱི་ལོ་ ༢༠༠༤ བར་སློབ་གྲྭ་དེ་གནས་ཡོད་ཀྱང་། དེ་རྗེས་དྷ་སྟེང་བོད་ཁྱིམ་འཛིན་སྐྱོང་ནས་སློབ་གྲྭ་དེ་སྒོ་བརྒྱབ་སྟེ་ཅཽན་ཏ་རར་གནས་སྤོས་གནང་། ད་ལྟའི་ཆར་པ་ཏི་ལི་ཀུ་ཧལ་ཞེས་པ་དེར་སློབ་གྲྭ་དེ་མེད་ཅིང་། དེ་ཡི་ཚབ་ཏུ་ལག་ཤེས་ཀྱི་བསྟི་གནས་ཤིག་བཙུགས་ཡོད་པ་ཐོས།།

༢༽

༄།  །ལམ་བཟོའི་བརྒྱ་ཤོག་རྣམས་ཀྱི་མིང་ནི་ཀ་པ་དང་ཁ་པ་བརྒྱ་ཤོག་ཅེས་སོགས་བཏགས་ཡོད་ཅིང་། མིང་འདི་དག་ནི་བོད་རང་བཙན་ཡོད་པའི་སྐབས་ཀྱི་བོད་གཞུང་དམག་སྒར་རྣམས་ཀྱི་མིང་འདོགས་སྟངས་དང་མཐུན་པར་སྣང་།  དཔེར་ན་ཀ་དང་སྐུ་སྲུང་དམག་སྒར་དང་ཁ་དང་གྲ་ཕྱི་དམག་སྒར་ལྟ་བུའོ།  །བརྒྱ་ཤོག་རྣམས་ཀྱང་གཙོ་བོ་ལུང་ཚན་རྗེས་འབྲེལ་བྱས་ཏེ་བསྡུས་ཡོད་ཀྱང་། དངོས་ཡོད་ལག་ལེན་ནང་བརྒྱ་ཤོག་གཅིག་གི་ནང་ལུང་ཚན་སྣ་ཚོགས་ཀྱི་བོད་མི་རྣམས་ཡོད། རང་གི་ཕ་མ་རྣམ་གཉིས་མ་པའི་བརྒྱ་ཤོག་ཏུ་གཏོགས་ཤིང་། མ་དཔེའི་བརྒྱ་ཤོག་གི་བརྒྱ་དཔོན་ནི་ཟླ་བ་ཞུ་བ་དེ་ཡིན། ཁོང་ནི་ཕ་ཡུལ་ཁམས་ཀོང་ར་ནས་ཡིན་ཅིང་། བོད་མི་ཉམ་ཆུང་རྣམས་ལ་བརྩེ་གཟིགས་གནང་མཁན་ཞིག་དང་ངན་པ་རེངས་པོ་རྣམས་ལ་གཉའ་གནོན་གནང་ཐུབ་མཁན་ཞིག་ཀྱང་ཡིན། ཉི་མ་དེ་རིང་ལ་མཚོན་ན་ཁོང་ནི་གཟིམ་ཁྲི་མཐའ་ཅན་དུ་གྱུར་ཟིན་པས་འཁོར་བས་བསྡུས་པའི་སྣོད་བཅུད་ཡོངས་རྫོགས་མི་རྟག་པ་དང་མཐར་རྒུད་པའི་རང་བཞིན་དུ་འགྱུར་བ་དྲན་གསོས་པའི་ཐོག་ནས་ཀློག་པ་པོ་དང་རང་ཉིད་བཅས་ལ་ཡང་འཁོར་བའི་ཆོས་ལ་སྙིང་པོ་མེད་པ་དྲན་གསོ་ཞུ་བར་བསྐུལ་ལོ།།

གོང་གསལ་སློབ་གྲྭ་དེར་དྲིན་ཅན་ཕ་མ་གཉིས་ནས་འཕྲལ་མར་སློབ་འཇུག་བཀའ་དྲིན་བསྐྱངས་ཏེ་ད་ལྟའི་ཆར་རང་ཉིད་ཡི་གེ་ཡོན་ཏན་ཤེས་པའི་སྐྱེས་བུ་ཞིག་ཏུ་གྱུར། རང་གིས་དྲན་གསོས་པ་ལ་གཞིགས་ན་རང་ཉིད་དང་ལྟོས་བཅས་ཀྱི་གཉེན་ཉེ་དུ་དང་དགའ་ཉེ་བློ་དཀར་ཡོངས་ཀྱི་དབུས་ནས་སྐབས་དེ་དུས་བོད་ཡིག་ཤེས་མཁན་ནི་རང་གི་ཕ་རྒན་ཁོ་ན་ལྟ་བུར་སྣང་། འདི་དག་ལ་བསམ་བློ་ཞིག་བཏང་ཚེ་དེང་གི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡི་གེ་མི་ཤེས་མཁན་ཕལ་ཆེར་མེད་པ་ལྟ་བུར་གྱུར་པ་འདི་ནི་དངོས་འབྲེལ་སེམས་ཀྱི་གཏིང་ནས་དགའ་དགོས་པའི་གཏམ་བཟང་ཞིག་ཅི་ལ་མིན། །སློབ་གྲྭ་དེ་ནི་སྤྱིར་བཏང་གི་སློབ་གྲྭ་ཞིག་ཡིན་པར་བརྟེན་སློབ་ཚན་ཡོངས་རྫོགས་ཀྱང་སློབ་གྲྭ་གཞན་ཀུན་དང་གཅིག་མཚུངས་ཡིན།།

༧རྒྱལ་བ་ཡིད་བཞིན་ནོར་བུས་བོད་མི་རྒན་པ་རྣམས་ཀྱི་གནས་སྐབས་འཚོ་བའི་ཐད་རྒྱ་གར་གཞུང་ལ་རོགས་མགོན་ཞུས་ཏེ་བོད་མི་ཀུན་ལ་ལམ་བཟོའི་ལས་ཀ་སོགས་གཉེར་རྒྱུའི་གོ་སྐབས་བྱུང་སྟེ་མི་ཡུལ་ཆ་མེད་རྒྱུས་མེད་དུ་སླེབས་ཀྱང་འཚོ་བས་མ་ཕོངས་ཏེ་རང་གི་འཚོ་ཚིས་ཀྱི་ལས་ཀ་གསར་པར་དུས་ཐོག་ཏུ་འཇུག་ཐུབ་པ་བྱུང་ཡོད།  སྐབས་དེ་དུས་བོད་མི་རྣམས་ཀུ་ལུ་དང་མ་ནཱ་ལཱི།  ཤིམ་ལཱ་སོགས་ལ་དཀའ་ཚེགས་ཅན་གྱི་ལམ་བཟོའི་ལས་སུ་ཞུགས་ཀྱང་བོད་མི་རྣམས་སྣང་བ་སྐྱིད་ཐག་ཆོད་ཡོད་པ་གོ་ཐོས་བྱུང་།  སྡོད་ས་ནི་སུ་ལའང་རས་གུར་མ་གཏོགས་མེད་ཅིང་།  དེ་ཡང་དབྱར་དགུན་སྡོད་སྒར་བརྗེས་ནས་ལམ་བཟོ་རྒྱུག་ཏུ་འགྲོ་དགོས།  འགྲིམ་འགྲུལ་ནི་ཉེ་སར་རྟ་དྲེལ་དེད་དེ་གནས་སྤོ་དང་།  རིང་སར་ཊ་རག་ཅེས་པའི་མོ་ཊ་ཆེན་པོ་རྩུབ་པོ་དེ་རིགས་ནང་འགྲོ་གི་ཡོད།  སྤྱི་སྤྱོད་རླངས་འཁོར་ནང་འགྲིམ་འགྲུལ་བྱེད་རྒྱུ་ནི་རྒྱས་སྤྲོས་ལྟ་བུར་གྱུར།  དབྱར་ཁ་ནི་མ་ནཱ་ལཱིའི་སྟེང་གི་ས་ཕྱོགས་ཆོ་ཊཱ་དྷ་རཱ་དང་བ་ཌཱ་དྷ་རཱ། བཱ་དལ་སོགས་ས་མཐོ་སར་གནས་སྤོ་བྱེད་དགོས་ཤིང་།  དགུན་ཁར་ས་དམའ་ས་མ་ནཱ་ལཱི་དང་ཀུ་ལུ། བན་ཇཱར། ཌྷོ་བཱི་སོགས་སུ་གནས་སྤོ་བྱེད་དགོས།  ལས་གླ་ལ་མཚོན་ན་སྐྱེས་པར་ཉིན་རེར་ཧིན་སྒོར་གསུམ་རེ་དང་བུད་མེད་ལ་ཉིན་རེར་ཧིན་སྒོར་ཕྱེད་དང་གསུམ་ཡིན་པ་རེད།  དུས་རབས་ཉེར་གཅིག་ནང་ང་ཚོས་ལས་གླ་མང་ཉུང་འདི་ལྟར་ཡིན་པ་གོ་དུས་ཤིན་ཏུ་ཆུང་བར་བསམ་སྲིད་ཀྱང་།  ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤེས་ན་ལས་གླ་འདི་ཡང་ཉུང་ཉུང་འཚོ་བ་མི་འཁྱོལ་བ་དེ་འདྲ་གཏན་ནས་མིན།  གཅིག་ནི་མི་ཚང་མའི་འཚོ་བ་ཞན་ཡང་སྤྲང་ལ་གྱར་དགོས་པའི་ལོ་རྒྱུས་མི་འདུག  གཉིས་ནས་དེ་དུས་ཀྱི་ཉོ་ཆའི་རིན་ཐང་ཡང་དེ་དང་བསྟུན་ཏེ་ཡོད་པར་བརྟེན་ཟས་གོས་ཐད་བོད་མིར་བློས་མི་འཁྱུད་པའི་དཀའ་ངལ་དེ་འདྲ་བྱུང་མེད། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་རང་རྣམ་དུ།  དངོས་པོ་ཐ་ན་རྡོ་ཧྲུག་ས་སྣུམ་བཞི་ཊིན་རེར་སྒོར་རེ་དང་། བྱེ་མ་ཊིན་གཉིས་རེར་སྒོར་རེ་སྤྲོད་དགོས་པ་སོགས་རིག་པས་མི་འདུམ་པའི་གནས་ཀྱང་སོགས་མཆིས། འདིས་སྐབས་དེ་དུས་ཀྱི་དངོས་པོའི་ཉོ་ཐང་ཟུར་ཙམ་བསྟན། དེང་སང་ནི་ཨིཌ་ལཱི་ཞེས་པ་རྒྱ་གར་ལྷོ་ཕྱོགས་ཀྱི་ཟ་མ་སྒོར་སྒོར་ཆུང་ཆུང་འབྲས་ཕྱེ་ལས་བཟོས་པ་གཉིས་ལ་སྒོར་སུམ་ཅུ་རེ་བྱེད་ཀྱི་འདུག་པས་དངོས་འབྲེལ་ཉམ་ཐག་ཚོའི་འཚོ་བར་དཀའ་ཚེགས་ཤིན་ཏུ་ཆེན་པོར་གྱུར་ཡོད། སྤྱིར་བཏང་བོད་མི་རྣམས་འཕགས་ཡུལ་དུ་ཐོག་མར་འབྱོར་སྐབས་ཀུན་ལ་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པ་ཞེ་གཅིག་ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་སྐུ་དྲིན་ཉག་ཅིག་ལ་བརྟེན་ནས་གང་ཅིར་དངོས་འབྲེལ་བཟོད་མི་ཐུབ་པའི་དཀའ་ངལ་དེ་འདྲ་བྱུང་མེད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱིན་ཡོད། གོང་གི་བཅོ་བརྒྱད་ཁྲི་ཆེན་གྱི་རང་རྣམ་འདི་ནས་གང་ཞིག་གསལ་པོ་ཆགས་ཀྱི་འདུག་ཅེ་ན།  དེང་སང་ཨར་དམ་དོ་བོ་གཅིག་ལ་ཉུང་མཐར་ཧིན་སྒོར་ཉིས་བརྒྱ་ལྔ་བཅུ་བྱེད་ཀྱི་ཡོད་ཅིང་།  བྱས་ཙང་དེ་དུས་ཀྱི་ཧིན་སྒོར་གཅིག་དེ་དེང་སང་གི་ཧིན་སྒོར་ཉིས་བརྒྱ་ལྔ་བཅུའི་རིན་ཐང་དང་ཕལ་ཆེར་གཅིག་པ་ཡིན་པ་རེད།  སྐྱེས་པ་གཅིག་ལ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་དང་བདུན་ཅུ་དོན་གྲངས་ནང་ཟླ་རེར་ཧིན་སྒོར་དགུ་བཅུ་རེག་གི་ཡོད་ན་དེང་གི་དབང་དུ་བྱས་ན་ཧིན་སྒོར་ཉིས་ཁྲི་སྐོར་ཞིག་རེག་གི་ཡོད་ཅིང་། །སྐབས་དེ་དུས་ཕོ་མོའི་ལས་གླར་ཁྱད་པར་ཡོད་པ་དེར་ངོ་མཚར་སྐྱེ་རྒྱུ་གང་ཡང་མེད། གང་ལགས་ཤེ་ན། དེང་སང་ནུབ་ཕྱོགས་སུ་ཕོ་མོ་འདྲ་མཉམ་གྱི་སྐད་ཆ་རི་རབ་ལ་བསྙེགས་གྲབས་ཤོད་ཀྱི་ཡོད་ཀྱང་། ལས་ཀ་བྱེད་པའི་སྐབས་ལས་གླ་ཕོ་མོ་གཉིས་ལ་འདྲ་མཉམ་མེད་པ་དེ་འདྲའང་བྱུང་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ལ་བུད་མེད་ཁ་སྤུ་ཅན་གྱི་པར་དེ་འདྲ་ག་ས་གར་མཐོང་རྒྱུ་ཡོད་ཅིང་། བུད་མེད་ལ་ཁ་སྤུ་མེད་པས་གླ་ཆ་ཉུང་བ་སྤྲོད་ཀྱི་ཡོད་པ་དང་། དེ་མིན་ཁ་སྤུ་ཡོད་ན་སྐྱེ་ཕོ་མོ་གཉིས་ལ་ལས་གླ་མང་ཉུང་གཅིག་པ་ཐོབ་ཀྱི་རེད་ཅེས་ཤོད་ཀྱི་ཡོད་པ་རེད།།

དེ་ནས་བོད་དང་རྒྱ་གར་དུ་གསར་སྐྱེས་བྱིས་པ་རྣམས་ཀྱི་ཆེད་དུ་དམིགས་བཀར་སློབ་གྲྭ་མང་པོ་དབུ་འཛུགས་བཀའ་དྲིན་བསྐྱངས་པ་རྣམས་ལས་ཐོག་མར་ནི་མ་སུ་རི་སློབ་གྲྭ་ཡིན་ཅིང་།  དེར་ཐོག་མར་སློབ་ཕྲུག་ལྔ་བཅུ་ཡོད།  དེ་ནས་དྷ་སར་བུ་བཅོལ་ཁང་དང་།  ཤིམ་ལཱ་དང།  རྡོ་རྗེ་གླིང་།  ཀ་སྦུག  པན་ཅ་མ་རི།  དེ་བཞིན་ཌལ་ཧོར་བཅས་སུ་གཏན་འཇགས་སློབ་གྲྭ་ཁག་བཙུགས་ཐུབ་པ་བྱུང་།  གཏན་འཇགས་སློབ་གྲྭའི་གོ་དོན་ནི་སློབ་ཕྲུག་རྣམས་དགུན་ཁའི་ཟླ་གཉིས་གུང་སེང་མ་གཏོགས་ལོ་འཁོར་མ་སློབ་གྲྭར་གནས་སྡོད་བྱེད་དགོས་པ་ཟེར།  ཟས་གོས་གནས་མལ་སྨན་ཡོན་སློབ་ཡོན་དང་བཅས་པ་ཡོངས་རྫོགས་རིན་མེད་སྦྱིན་གཏོང་གནང་གི་ཡོད་ཅིང་། དེང་སང་གི་འགྲོ་སྟངས་ལྟར་བྱས་ན་སློབ་གྲྭ་རིན་མེད་ཀྱི་གོ་དོན་ནི་སློབ་ཡོན་གནང་བ་ཙམ་ལ་ཟེར་གྱི་ཡོད་ཅིང་། དེ་སྐབས་ཀྱི་སློབ་གྲྭ་རིན་མེད་ཀྱི་གོ་དོན་ནི་ཡོངས་རྫོགས་རིན་མེད་ཀྱི་གོ་དོན་ཡོད་པ་རེད།  དེང་སང་གི་སློབ་གྲྭ་རིན་མེད་རྣམས་སུ་ཡང་གལ་ཏེེ་ཕ་མས་ཕྲུ་གུར་ཟས་གོས་དང་སྨན་ཡོན་གྱི་མཐུན་རྐྱེན་སྦྱར་ཐུབ་ཀྱི་མེད་ན་སློབ་གྲྭར་གཏོང་ཐབས་བྲལ།  དཔེར་ན་བོད་མིའི་སྒྲིག་འཛུགས་ཀྱི་མེས་དབོན་དཔེ་སྟོན་གཙུག་ལག་སློབ་གྲྭ་ལ་མཚོན་ན་ཡང་སློབ་གྲྭ་རིན་མེད་ཡིན་ནའང་ཟས་གོས་གནས་མལ་དང་བཅས་པ་ཕ་མས་ངེས་པར་དུ་སྦྱར་དགོས།  འོན་ཀྱང་ལུགས་མཐུན་ཉམ་ཐག་གི་སྡེ་ཚན་དུ་གཏོགས་ན་ནི་དམིགས་བསལ་ངེས་པར་ཡོད།  དེ་བཞིན་བོད་ཁྱིམ་གཉིས་ལའང་གཅིག་མཚུངས་ཡིན།  གཞུང་ཞབས་ཡིན་པ་དང་།  དྭ་ཕྲུག་ཡིན་པ།  དེ་བཞིན་དམིགས་བསལ་ཉམ་ཐག་ཡིན་པ།  དམིགས་བསལ་ཡིན་པ་ཕུད་དེ་མིན་གོང་གསལ་དང་གཅིག་པ་ཡིན།  བོད་ཁྱིམ་སློབ་གྲྭ་རྣམ་གཉིས་དང་བོད་གཞུང་གི་སློབ་གྲྭ་ཁག  །དེ་བཞིན་བོད་མི་སྒེར་གྱི་སློབ་གྲྭ་དག་ཕུད།  དེ་མིན་མ་སུ་རི་བོད་མིའི་སློབ་གྲྭ་སོགས་སློབ་གྲྭ་མང་ཆེ་བ་རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་སྐྱོང་ཚོགས་པ་ཞེས་པ་ཟུར་འཛུགས་ཀྱིས་འགྲོ་གྲོན་ནར་གཏོང་གཉེར་ཏེ་ཉི་མ་དེ་རིང་གི་བར་དུ་འཛིན་སྐྱོང་གནང་བཞིན་པ་ལགས། བོད་ཁྱིམ་རྣམ་གཉིས་དང་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཁག་ནི་ཕྱི་རྒྱལ་རོགས་ཚོགས་སོགས་ལ་བརྟེན་ནས་རང་གི་སློབ་གྲྭ་རྣམས་བསྐྱངས་དང་སྐྱོང་བཞིན་པ་ཡིན་ཅིང་། དེས་ན་ཕྱི་རྒྱལ་རོགས་ཚོགས་ཁག་དང་།  རྒྱ་གར་གཞུང་དང་མི་མང་ནི་བོད་མི་ཚོར་གསབ་ཐབས་བྲལ་བའི་བཀའ་དྲིན་ཆེན་པོ་རེད།།

དེ་ནས་དར་མ་ཁག་ཅིག་ལ་དམག་མིའི་སྦྱོང་བརྡར་སྤྲད་དེ་རྒྱ་གར་གྱི་སྒྲིག་ཁྲིམས་ ༢༢ འོག་ཏུ་དམག་མིའི་སློབ་སྦྱོང་ཆ་ཚང་ཐོབ།  སྔོན་མ་བདུན་ཅུ་དོན་གྲངས་ནང་བང་ལཱ་དེ་ཤི་ལ་རང་བཙན་ཐོབ་ཕྱིར་རྒྱ་གར་གྱིས་པ་ཀི་སི་ཐན་ལ་དམག་བརྒྱབ་སྐབས་སྒྲིག་ཁྲིམས་ ༢༢ ཀྱི་ཁོངས་སུ་ཡོད་པའི་བོད་དམག་རྣམས་ཀྱིས་བྱས་རྗེས་ཆེན་པོ་བཞག་རབས་ཡོད།  །དེ་བཞིན་ཆུ་བཞི་སྒང་དྲུག་གི་དམག་མིས་མཚོན་པའི་བོད་གཞོན་ཁག་ཅིག་ནི་བལ་ཡུལ་གློ་སྒྲིག་འཛུགས་སུ་འཛུལ་ཞུགས་བགྱིས་ཏེ་དགྲ་བོ་རྒྱ་དམར་ལ་དཔའ་མཛངས་བརྟུལ་ཕོད་ཆེན་པོས་རྒོལ་འཛིངས་བྱས་ཡོད།  དེ་དུས་བོད་བྱེས་གཞུང་གི་དམིགས་ཡུལ་ནི་བོད་རང་བཙན་ཁོ་ན་ཡིན་ཅིང་།  སྟབས་མ་ལེགས་པ་ཞིག་ལ་ཕྱི་ནང་གི་རྐྱེན་དུ་མས་གློའི་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་དེ་ཡང་མཐར་འཐོར་ཞིག་ཏུ་གྱུར།།

བོད་ནས་ཨ་སམ་བརྒྱུད་ཕེབས་པའི་ཆོས་བྱེད་དགེ་འདུན་པ་རྣམས་ཀྱི་ཆེད་སྦག་ས་ཞེས་པར་མཉམ་སྡོད་བྱས་ཏེ་བསླབ་པ་སློབ་གཉེར་ཤིན་ཏུ་སྨར་པོ་བྱུང་ཡོད།  དེ་ནས་ཀུ་ལུ་མ་ནཱ་ལཱི་དང་།  འབྲས་ལྗོངས་སོགས་སུ་ཡོད་པའི་ལམ་བཟོའི་བོད་མི་རྣམས་རྒྱ་གར་ལྷོ་ཕྱོགས་སུ་གཞིས་ཆགས་ཀྱི་ཐོབ་སྐལ་གནང་སྟེ་གནས་སྡོད་བྱེད་བཅུག་ཅིང་། དེ་དང་དུས་མཚུངས་སྦག་སའི་དགེ་འདུན་པ་རྣམས་ཀྱང་དཀའ་ཚེགས་ཆེན་པོའི་ངང་གནས་སྤོས་གནང་དགོས་བྱུང་།  ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཕུགས་རྒྱང་རིང་པོའི་འཆར་སྣང་གི་འབྲས་བུར་དེང་གི་ཆར་སེར་སྐྱ་ཀུན་གྱི་བསླབ་པ་སློབ་གཉེར་དང་འཚོ་བའི་གནས་སྟངས་མིས་སྨོན་རང་སྐྱིད་བྱུང་དང་འབྱུང་བཞིན་པ་ལགས།  དུས་ཡུན་དེའི་རིང་བོད་ལ་མཚོན་ན་རིག་གནས་གསར་བརྗེའི་དུས་ཡུན་འཇིགས་སུ་རུང་བ་དེ་ཆགས་ཡོད། བཙན་བྱོལ་ནང་དུས་ཡུན་དེའི་སྐབས་འཚོ་བའི་དཀའ་ཁག་བྱུང་བ་ཙམ་ལས་དེ་མིན་ཆོས་བྱེད་རྒྱུ་དང་རང་གི་སྐད་ཡིག་སྦྱོང་རྒྱུས་མཚོན་ལས་དོན་ཅི་རིགས་ལ་རྒྱ་གར་ནང་དུ་རང་དབང་ཆ་ཚང་ཡོད།།

བཙན་བྱོལ་བོད་གཞུང་ནི་བོད་རང་བཙན་མ་ཤོར་གོང་གི་དགའ་ལྡན་ཕོ་བྲང་གི་གཞུང་དེ་ཉིད་སླར་ཡང་རྒྱ་གར་དུ་བཙུགས་པ་ཙམ་ལས་དེ་སྔ་གཞུང་ཞིག་མེད་པར་གསར་དུ་དབང་ཆར་རྔམས་ཏེ་བཙུགས་པ་ཞིག་གཏན་ནས་མིན་ཅིང་།  རྒྱུ་མཚན་དེའི་དབང་གིས་བོད་མི་ཡིན་ནོ་ཅོག་གིས་བྱེས་གཞུང་ལ་རང་བཞིན་གྱིས་བརྩི་བཀུར་ཞུ་དགོས་པ་ཞིག་རེད་མ་གཏོགས་རང་ལ་གཞུང་ནས་གོ་སྐབས་དང་མཐུན་རྐྱེན་བྱུང་ན་ཅི་གསུང་བཀའ་སྒྲུབ་དང་ལ་ཞེན་ཡོད་མདོག །དེ་ལྟར་མ་བྱུང་ན་དེ་ལས་ལྡོག་སྟེ་བསམ་བློ་འཁྱེར་བ་ནི་ནག་མོ་འཁོལ་གྱིས་རང་གི་རྐང་རྟེན་སྟ་རེས་གཅོད་པ་དང་གཅིག་པར་སྣང་། སྐབས་འདིར་བོད་ཀྱི་བྱེས་གཞུང་ཞེས་པ་ནི་བོད་ཀྱི་རྒྱལ་ཁབ་དང་གོ་བ་གཅིག་ཏུ་བླངས་ཏེ་ཤོད་ཀྱི་འདུག  །སྤྱིར་བཏང་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་ནི་རུང་བ་ཡིན་པས་དེ་ནི་མི་འོས་པ་ག་ལ་ཡིན།  འོན་ཀྱང་གཞུང་ལ་སྐྱོན་བརྗོད་བྱེད་པའི་ཟོལ་གྱིས་རྒྱལ་ཁབ་ལ་སྐྱོན་བརྗོད་སོང་ན་སུ་ཞིག་གིས་ཀྱང་རྒྱབ་སྐྱོར་བྱེད་མི་སྲིད།  དེས་ན་རྒྱ་གར་ནང་ལེགས་པར་ཕྲ་ཚུགས་པའི་བོད་མིའི་སྡོད་སྒར་ཇི་སྙེད་ཅིག་ཡོད་དུ་ཆུག་ཀྱང་མང་ཆེ་བ་ནི་བྱེས་གཞུང་གིས་ཐབས་འཚོལ་བགྱིས་ཏེ་ཐོབ་པ་ཡིན།  དཔེར་ན་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ལྟ་བུའོ། །ཡང་འགའ་ཞིག་ནི་སྐྱེས་བུ་སྒེར་གྱིས་སྣེ་འཁྲིད་དེ་བོད་མིའི་སྡོད་སྒར་ལེགས་པར་ཚུགས་པ་དེ་འདྲ་ཡང་ཡོད་ཅིང་།  དཔེར་ན་ཀི་ལེ་མིན་གྲོའི་བོད་མིའི་སྡོད་སྒར་ལྟ་བུ་ཡིན།།

༣༽

༄། །དེ་ནས་ཕྱི་ལོ་ ༡༩༧༥ ལོར་རང་གི་ཕ་མ་གཉིས་ལྷོ་ཕྱོགས་ཀོ་ལེ་གལ་དོན་ལྡན་གླིང་གཞིས་ཁོངས་སུ་བསྐྱོད་རྒྱུར་ཐོ་ཐོན་ཟིན་ཅིང་། དེ་དུས་བུ་ང་ཕ་མ་དང་མཉམ་ཁྲིད་བྱེད་དང་སློབ་གྲྭར་རང་འཇགས་བཞག་ན་གང་དགའ་ཅི་ལེགས་ཡོང་མིན་མཇེད་པ་རིན་པོ་ཆེར་མོ་ལུང་གསུང་བརྟག་ཞུས་པར་ཁྱད་པར་ཅི་ཡང་མེད་པའི་མོ་འབྲས་བབ་པ་ལ་བརྟེན་རང་ཉིད་ཕ་མ་དང་ལྷན་དུ་པ་ཊན་ཀོ་ཊི་ནས་རི་ལིའི་ནང་ཉིན་མཚན་བཅོ་བརྒྱད་སོང་སྟེ་མཐར་མ་ཡེ་སོར་གྲོང་ཁྱེར་དུ་སླེབས་ཐུབ་ཙམ་བྱུང་། ངས་འདི་ལྟར་བརྗོད་སྐབས་ཀློག་པ་པོ་ཕལ་ཆེ་བ་ཞིག་ནས་འདི་ཉིད་བདེན་པ་མིན་པར་བསམ་སྲིད། འོན་ཀྱང་འདི་ནི་དངོས་འབྲེལ་གྱི་གནས་ཚུལ་ཞིག་ཡིན། སྐབས་དེ་དུས་བོད་མི་རྣམས་ལྷོ་ཕྱོགས་སུ་ཁྲིད་པའི་རི་ལི་དེ་ནི་དམིགས་བསལ་གྱི་རི་ལི་ཞིག་ཡིན་ཅིང་། རི་ལི་དེར་རྣམ་ཀུན་རི་ལི་གཞན་པ་ནང་བཞིན་རང་ཉིད་གང་དུ་བསྐྱོད་སའི་ལྕགས་ལམ་གཏན་འཁེལ་ཞིག་མེད། རི་ལི་གཞན་རྣམས་བསྐྱོད་ཟིན་པའི་རྗེས་སུ་ལྕགས་ལམ་སྟོང་པ་ནམ་ཞིག་ཐོབ་པ་ན་གཞི་ནས་བསྐྱོད་འགོ་ཚུགས་པ་མ་གཏོགས་དེ་མིན་གནས་ག་གེ་མོ་ཞིག་ཏུ་ཆུ་ཚོད་མང་པོ་ངང་སྒུག་བྱེད་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་ཉིན་མཚན་གཉིས་ཀྱི་ལམ་དེར་ཉིན་མཚན་བཅོ་བརྒྱད་འགོར་བར་སེམས།།

 

མཆན་གཅིག

  1. སྤྱིར་བྱེས་སུ་འཁྲུངས་པའི་མཁས་པ་ཚོས་བོད་ཡིག་ནང་བྲིས་པ་ཉུང་ཞིང་། འགའ་ཞིག་བྲིས་ཡོད་པ་རྣམས་བོད་ཡིག་གི་ཚིག་འགྲོས་མི་ལེགས་པས་བརྡ་ལེགས་པར་སྟོན་པའི་ནུས་པ་ཉམས་པའམ། དེ་མིན་རུང་ཀློག་པ་པོའི་དང་བའདྲེན་པའི་ནུས་པ་མེད་པས་ཀློག་མི་འདོད། འདི་ནི་དེ་ལས་ཡོངས་སུ་ལྡོག་སྟེ་ཀློག་སྤྲོ་བ་ལ་ཚད་མེད་པ་བྱུང་། ད་དུང་མུ་མཐུད་རོགས།

  2. མུ་མཐུད་དུ་ཕྲིས་དང་མུ་མཐུད་དུ་བཀླག་གི་ཡིན། ལོ་རྒྱུས་རང་བཞིན་ལྡན་པའི་མི་གཅིག་གི་མི་ཚེ་འི་བྱུང་བ་འདི་འདྲ་བཀླག་རྒྱུ་བྱུང་བར་ཧ་ཅང་དགས། བཀའ་དྲིན་ཆེ།

  3. རྩོམ་པ་པོ་ཁོང་གི་ལོ་རྒྱུས་འགོ་བཙུགས་པའི་གཏམ་དེ་ནི་དངོས་མྱོང་ཁུངས་ལྡན་ཡིད་རྟོན་འཕེར་བ་ཞིག་དང་རྩོམ་གཤིས་ཀྱི་རྒྱབ་ལྗོངས་དག་ཀྱང་མཐོང་ཐོས་མྱོང་གསུམ་གྱིས་ངོ་འཕྲོད་ཡོང་བ་འདིས། དགའ་བསུ་ཞུ་བ་དང་ཆབས་ཅིག རང་རྣམ་རྩོམ་འཕྲོ་ཅན་མུ་མཐུད་གནང་སྐྱོང་ཡོང་བའི་རེ་འདུན་ཞུ།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།