མདུན་ངོས། སྙན་ངག མཐོང་འདོད་སྙི...

མཐོང་འདོད་སྙིང་གི་ཚི་ལུ་ལགས།།

༡༩༥༢༤༩༩

མཐོང་བར་འདོད་པའི་སྙིང་གི་ཚི་ལུ་ལགས།།

འགྲམ་གྱི་རླབས་རིས་ང་ཡི་འཛུམ་མདངས་ལགས།།

སྒང་གི་སྤྲིན་དཀར་ཁོ་བོའི་སེམས་པ་ལགས།།

དེ་ལྟར་བསམས་ན་སེམས་པ་ཨེ་སྐྱིད་ལགས།།

 

འཕྲིན་ཐུང་དེ་ཚོ་མིག་ཆུའི་བྱ་ཚོགས་རེད།།

དགའ་རྟགས་དེ་ཚོ་སེམས་གཅོང་ཉ་མོ་རེད།།

མཚོ་འགྲམ་རླུང་གིས་སེམས་གྲང་ལུས་ལ་གཙེ།།

ད་དུང་དེ་ན་ཡང་ཡང་འགྲོ་དགོས་ཅི།།

 

ནོར་བར་ཤེས་རུང་ད་དུང་བརྩེ་དགོས་ལགས།།

གདུང་བ་ཆེ་རུང་ད་དུང་སྒུགས་ཡོང་ལགས།།

མཐོང་ཐེངས་གཅིག་ལ་སྙིང་ཁ་བརྐུས་སོང་ལགས།།

ང་ཡིས་སྡུག་ལ་སྦྱར་འདྲ་མ་རེད་ལགས།།

 

རྩྭ་ཚོགས་སྐྲ་བཞིན་ཟིང་ལ་དགའ་ཆེ་བས།།

སེམས་ཀྱི་རྟ་ནི་ཕར་སོང་ཚུར་འོང་མེད།།

འདོད་པ་རི་གཟར་རྦབ་བཞིན་ཤུགས་ཆེ་བས།།

སྡུག་བསྔལ་ཚུར་ལ་འོང་གི་ཕར་ཟློག་མིན།།

 

ང་རང་འཚིག་ཇའི་མངར་ཁར་མ་བརྩི་རོགས།།

ཁྱེད་རང་ཐུག་པའི་རྡོར་དུ་ང་མི་འཁྲུལ།།

སེམས་དང་སེམས་པ་དཀར་བའི་མཛའ་བ་འདི།།

ཤེལ་བཞིན་དྭངས་ན་འགྲིག་ས་ཨེ་རེད་ལགས།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།