མདུན་ངོས། སྙན་ངག ངོ་དེབ།

ངོ་དེབ།

༢༢༤༡༥༣༣

ངོ་དེབ་འདི་དགའ་རྟགས་སློང་ས་རེད།།
ལས་ཕུད་ཀྱི་པར་རེ་སྔ་ཐོག་ལ་བཞག །
ཟས་ཕུད་ཀྱི་པར་རེ་ཉིན་གུང་ལ་བཞག །
ཉམས་མྱོང་གི་ཚིག་རེ་ཉལ་ཁ་ལ་བཞག །

ངོ་དེབ་འདི་ཁྱབ་བསྒྲགས་བཙོང་ས་རེད།།
དེབ་ཆུང་རེ་སྤར་ནས་ས་བཙོང་དང་གནམ་བཙོང་ངོ་།།
དུག་སློག་རེ་བཟོས་ནས་ཕོ་གྱོན་དང་མོ་གྱོན་ནོ།།
ཟ་ཁང་རེ་གཉེར་ནས་ཡར་སྤེལ་ཅིང་མར་འགྲེམ་མོ།།

ངོ་དེབ་འདི་བརྫུ་འཕྲུལ་སྟོན་ས་རེད།།
ངོ་རེ་ཡིས་ངོ་མིན་མང་པོར་བརྫུ།།
བུ་ཕོ་ཡིས་བུ་མོའི་རྣམ་པར་བརྫུ།།
རབ་བྱུང་གིས་ཁྱིམ་པའི་གཟུགས་སུ་བརྫུ།།

ངོ་དེབ་འདི་ངོམས་སོ་རྒྱག་ས་རེད།།
ས་གསར་པར་སླེབས་དུས་ངོམས་སོ་བྱེད།།
ཟས་གསར་པ་བཟའ་དུས་ངོམས་སོ་བྱེད།།
གོས་གསར་པ་གྱོན་དུས་ངོམས་སོ་བྱེད།།

ངོ་དེབ་འདི་སོ་པའི་འཁྲབས་ས་རེད།།
སྡེ་མཐུན་པའི་དབར་དུ་ངན་སྨྲོས་རེ།།
ཆོས་དར་བའི་དབར་དུ་དབྱེན་སྦྱོར་རེ།།
ལས་བྱས་པ་ཅན་ལ་མིང་ཤས་རེ།།

ངོ་དེབ་འདི་ཡིན་ཁུལ་བྱེད་ས་རེད།།
བུ་ཚང་མས་མཁས་པ་ཡིན་མདོག་བྱེད།།
སྨན་ཚང་མས་མཛེས་མ་ཡིན་མདོག་བྱེད།།
མི་ཚང་མས་སྤྱི་སེམས་ཡོད་མདོག་བྱེད།།

ངོ་དེབ་འདི་བོད་པའི་དམག་ས་རེད།།
གཉེན་ཕུ་ནུའི་སེམས་པ་གསོད་ས་རེད།།
བུ་སྡར་མའི་འཇབ་མདའ་འཕེན་ས་རེད།།
མ་བུ་མོས་ངུ་རྒྱངས་འཐེན་ས་རེད།།

ངོ་དེབ་འདི་སློང་མོའི་སྲང་ལམ་རེད།།
སྡེ་དགོན་པས་ཞལ་འདེབས་བསྡུ་ས་རེད།།
སྡུག་ནད་པས་སྨན་རིན་སློང་ས་རེད།།
མང་ཚོགས་པས་ཚོགས་དངུལ་གསོག་ས་རེད།།

ངོ་དེབ་འདི་སྲིད་པའི་མེ་ལོང་རེད།།
ད་བྱུང་ན་ད་མཐོང་ས་རེད།།
ལས་ཡག་སྡུག་མ་བལྟས་རང་ཤར་རེད།།
བསམ་ཤེས་ན་སྤྲུལ་པའི་མེ་ལོང་རེད།

ངོ་དེབ་འདི་མཁས་པའི་མདུན་ཅོག་རེད།།
ལེགས་བཤད་ཀྱིས་བློ་གྲོས་རྒྱས་ས་རེད།།
བགྲོ་གླེང་གིས་དོགས་པ་གཅོད་ས་རེད།།
འཆད་རྩོམ་གྱིས་སྐྱེ་རྒུ་ཚིམ་ས་རེད།།

ངོ་དེབ་འདི་བླུན་པོའི་ཉལ་ས་རེད།།
དུས་རྩ་ཆེན་འཕྲོ་བརླག་གཏོང་ས་རེད།།
གཏམ་འཆལ་གྱི་རྟུག་དྲི་འཐུལ་ས་རེད།།
ཚུལ་མིན་གྱི་སྤྱོད་ངན་སྤེལ་ས་རེད།།

ངོ་དེབ་འདི་རལ་གྲི་སོ་གཉིས་རེད།།
སྤྱོད་མཁས་ན་ཆོས་སྲིད་ཀུན་ཕན་རེད།།
སྤྱོད་མ་ཤེས་རང་གཞན་ཀུན་གནོད་རེད།།
དེར་དགོངས་ནས་བག་ཟོན་མཛད་རིགས་སོ།།

ངོ་དེབ་ཀྱི་ངོ་གདོང་གླེང་བ་འདི།།
རང་ངོ་དང་རང་མིང་མ་གསང་བའི།།
ངག་རིག་པ་བྱ་སྒྲོ་དཀར་པོ་ཡིས།།
ངོ་དེབ་ཏུ་ཤར་མར་བྲིས་ནས་སྤེལ།། །།

རྩོམ་སྔ་མ།མྱོང་གླེང་། དང་པོ།
རྩོམ་རྗེས་མ།མྱོང་གླེང་། གཉིས་པ།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

མཆན་གཅིག

  1. གལ་ཏེ་ལྷག་བསམ་དྲང་ཚུགས་ལྡན་པའི་སྐྱེ་བུ་ཚད་ལྡན་ཞིག་ཡིན་ན་ངོ་དེབ་ནང་དུ་སོ་སོའི་སྒྲ་པར་དེ་སྤོབས་པ་གདེང་ཚད་ངང་ངེས་བར་དུ་འཇོག་དགོསོ། དཀྱུས་མའི་རྨོངས་འཆརོ།

  2. གལ་ཏེ་ལྷག་བསམ་དྲང་ཚུགས་ལྡན་པའི་སྐྱེ་བུ་ཚད་མ་ཞིག་ཡིན་ངོ་དེབ་ནང་སྤོབས་པ་དང་གདེང་ཚད་ངང་སོ་སོའི་སྒྲ་པར་བཞག་ན་ལེགསོ།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།