མདུན་ངོས། མྱོང་བྱང་། མྱོང་གླེང་། ག...

མྱོང་གླེང་། གསུམ་པ།

༢༠༦༦༦༢༣

ཉིན་གུང་གི་ཁ་ལག་རྗེས་སུ་དྲ་མྱུལ་བྱས་ཤིང་། དེ་ནས་བརྙན་འཕྲིན་ལ་བལྟས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལེ་ཚན་ཞིག་ཏུ། བོད་པའི་ཟློས་གར་སྒྱུ་རྩལ་སྐོར་གླེང་། དེའི་ནང་ཆེད་ལས་པ་ཞིག་གིས། བོད་ཀྱི་ཟློས་གར་གྱི་ཁྱད་ཆོས་སྐོར་རྗོད་སྐབས། གཞས་དང་ཞབས་བྲོར་བོད་ཀྱི་ཞགས་རྩི་ཡོད་པ་གལ་ཆེ་ཚུལ་བཤད་སོང་།

ལོ་ཤས་གོང་ཕྲན་ལྡི་ལི་ནས་དྷ་སར་འགྲོ་བའི་ལམ་བར་དུ། རྒྱ་གར་ཟ་ཁང་ཞིག་ཏུ་ཁ་ལག་བཟའ་བར་བསྐྱོད། ཕ་ཡུལ་ཁམས་ནས་ཡིན་པའི་འགྲུལ་རོགས་ཤིག་ཀྱང་ཟ་ཁང་དེར་སླེབས་སོང་བས་ངེད་གཉིས་ཀྱིས་མཉམ་དུ་ཟ་མ་རྒྱས་བསྡུས་འཚམས་པ་ཞིག་མངགས། བཟས་ཚར་རྗེས་ངས་ཁོང་ལ་ཁ་ལག་ཨའོ་ཙམ་མི་འདུག་གམ། ཞེས་དྲིས་པས། ཁོས་ག་རེའི་ཨོའོ་ཙམ། ནང་ལ་སྣུམ་ཞགས་ཐིགས་པ་གཅིག་མི་འདུག་ཟེར།

བོད་ཀྱི་ས་མཐོ། གནམ་གྲང་། སྔོན་མ་སྔོ་ཚལ་གྱི་རིགས་དཀོན། ཡར་མར་གང་དུ་སོང་ཡང་གཙོ་བོ་རྐང་ཐང་དུ་འགྲོ། དེར་བརྟེན་དེ་དུས་མར་དང་ཚིལ་དང་སྣུམ་གྱི་རིགས་བཟས་ན་འཇུ་ཞིང་། དེ་དག་ཡོད་ན་ཕྱུག་པོ་དང་ཡག་པོར་ངོས་འཛིན། ཤ་ལྟ་བུར་མཚོན་ན། ཚི་ལུ་ཡོད་པ་དེ་གོང་བླ་མ་དང་དཔོན་ལ་འབུལ། ཚི་ལུ་མེད་པ་དེ་ཚོ་འཇུད་ཏོ་ཞེས་གཡོག་དང་སྤྲང་ལ་སྟེར་བ་རེད། ལུས་ཤ་རྒྱགས་པ་དང་། གདོང་སྣུམ་འཛིར་འཛིར་རྣམས་ཕྱུག་རྟགས་དང་སྐྱིད་རྟགས་སུ་བརྩི་བས། ངའི་ཕ་མས་ཀྱང་ཆུང་དུས་དུས་ཚོད་བྱུང་བ་དང་ང་དང་གཅེན་གཅུང་ཚོའི་སྐྲ་དང་ངོ་གདོང་བཀྲུས་ཏེ། མགོ་དང་གདོང་ལ་མར་རམ་སྣུམ་བྱུག་ནས་སྣུམ་འཛིར་འཛིར་བཟོ་གི་རེད།

པག་ལྟ་བུ་ཞིག་བཟས་པ་ཡིན་ནའང་། མར་རམ་སྣུམ་མེད་ན་སྐྱ་པག་ཅེས་ངན་དུ་བརྩི་ཞིང་། ས་ཆ་སྐྱིད་པོ་དེ་ཚོར་ཡང་། ས་ཆ་སྣུམ་ཐིང་ཐིང་ངམ། ས་ཆ་སྣུམ་ཞགས་དོད་པོ་ཟེར་བ་དང་། རྩི་ཤིང་མེད་པའི་ས་ཆ་མདོག་ཉེས་དག་ལ། ས་ཆ་སྐྱ་ཐེར་ཐེར་ཟེར། བོད་པས་དགའ་ཤོས་ཀྱི་ཟས་རིགས་ཐུད་ལ། ཐུད་ཞིམ་པོ་མར་གྱི་བཀའ་དྲིན་རེད། མར་མེད་ན་ཕྱུར་བའི་པག་གོང་རེད་ཅེས་མར་རྩལ་དུ་འདོན། སོ་སོས་དགའ་ཤོས་དང་བརྩེ་ཤོས་ཀྱི་མི་ལ། ངའི་སྙིང་གི་ཚི་ལུ་ཟེར། གཞས་ཤིག་ཏུ། སྙིང་གི་ཚི་ལུ་བཞུར་ནས། ཁྱེད་ལ་མཆོད་མེ་ཕུལ་ཆོག །ཅེས་པའང་ཡོད། དེར་བརྟེན། ཞགས་རྩི་ནི་བཅུད་ལྟ་བུའི་ཡོད་ན་མེད་ན་ཞིག་ཏུ་བརྩི་བས། བོད་ཀྱི་ཁྱད་ཆོས་ལ་བོད་ཀྱི་ཞགས་རྩི་ཞེས་འབོད་པའི་བསམ་བློའི་རྒྱབ་ལྗོངས་ཀྱང་གནས་ཚུལ་དེ་འདྲ་ཞིག་ལ་ཐུག་ཡོད།

དེང་སང་ཕྱི་རྒྱལ་དག་ན། སེམས་ཅན་གྱི་ཚིལ་དང་མར། རྩི་ཤིང་གི་སྣུམ་སོགས་ཟས་རིགས་ནང་སྤྱོད་རྒྱུ་མང་ན། ལུས་ཤ་རྒྱས་ཤིང་ཁྲག་ཤེད་འཕེལ་བ། ནད་རིགས་འབྱུང་སླ་བ་སོགས་ནན་བཤད་བྱེད་ཀྱིན་ཡོད་པས། ཐོན་རྫས་མང་པོའི་ཐོག་ཏུ། འདིའི་ནང་སྣུམ་དང་ཞགས་རྩི་མེད་དང་བརྒྱ་ཆ་འདི་ཙམ་ལས་མེད་ཅེས་གསལ་བཤད་བྱེད་ཅིང་། ཤ་རིགས་ཚི་ལུ་ཉུང་བ་སྔ་མོ་ང་ཚོ་བོད་མིས་གཡོག་དང་སྤྲང་པོར་སྟེར་བྱེད་དེ་ཚོ་རིན་གོང་ཆེ་ལ། བླ་དཔོན་གོང་མར་འབུལ་བྱེད་ཀྱི་ཤ་ཚོན་པོ་གང་ཡིན་གོང་ཆུང་། འཇིག་རྟེན་ན་དེ་འདྲའི་ལྟ་སྟངས་དང་ངོས་འཛིན་ཤུགས་ཆེན་པོ་ཞིག་འབྱུང་བཞིན་པའི་ཤུགས་རྐྱེན་འོག་ཏུ། བོད་མི་གཞོན་ནུ་མང་པོ་ཡང་སྣུམ་དང་ཚིལ། མར་དག་བཟའ་རྒྱུར་ཡིད་གཟབ་བྱེད། ཕྲན་གྱི་ཕྲུ་གུ་གཉིས་ཀ་ཡང་དེ་རིགས་ལ་མི་དགའ།

ང་ཚོའི་མི་རབས་གོང་མ་ཚོས། ངའི་སྙིང་གི་ཚི་ལུ་ཞེས་པ་དེ། རྣ་བར་སྙན་ཤོས་དང་ཡིད་ལ་འཇེབས་ཤོས་སུ་བརྩིས་ཏེ་བརྗོད་ཅིང་། དེ་ལྟར་བརྗོད་དུས་རྗོད་མཁན་དང་ཉན་མཁན་གཉིས་ཀའི་སེམས་སུ་ཧ་ཅང་རྩ་ཆེན་དང་། ཧ་ཅང་ཞིམ་པོ། ཧ་ཅང་ལུས་ལ་ཕན་པའི་ཉིང་བཅུད་ལྟ་བུ་ཡིན་པའི་ཚོར་སྣང་ཡོང་གི་ཡོད། འོན་ཀྱང་དེང་སང་ཚི་ལུ་དང་ཞགས་རྩི་ནི་བདེ་ཐང་དང་སྲོག་གི་དགྲ་རུ་བལྟ་བཞིན་པའི་དུས་སྐབས་འདིར། སྙིང་གི་ཚི་ལུ་ཞེས་རྗོད་མཁན་གྱི་མི་རབས་རྫོགས་ལ་ཉེ་ཞིང་། རིམ་པས་བོད་ཀྱི་རིག་གཞུང་གི་ཞགས་རྩི་ཞེས་བརྗོད་ནའང་། རྗོད་མཁན་ལ་བརྗོད་མི་བདེ་བ་དང་། ཉན་མཁན་ལ་ཉན་མི་བདེ་བ་ཡོང་ཤས་ཆེ།། །།

རྩོམ་སྔ་མ།དྲ་ནད།
རྩོམ་རྗེས་མ།ལྷོ་ཕྱོགས་ལ་ག་རེ་ཡོད་དམ།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།