མདུན་ངོས། རྒྱུན་ཤེས། དྲ་ནད།

དྲ་ནད།

༢༠༨༣༨༧༦

དེང་སང་གྱི་གཞོན་ནུ་མང་པོ་ཞིག་དང་། ལྷག་པར་དུ་ཕྲུ་གུ་མང་པོ་ཞིག་དྲ་རྒྱ་དང་། དྲ་རྒྱ་དང་འབྲེལ་བའི་རྩེད་མོར་ལང་ལ་ཤོར་བཞིན་ཡོད། དེ་ནི་དེང་སང་ཡར་རྒྱས་སོང་བ་དང་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བའི་ནང་བྱུང་དང་འབྱུང་བཞིན་པའི་དཀའ་ངལ་གསར་པ་ཞིག་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་། དཀའ་ངལ་དེ་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། མི་མང་པོ་དྲ་རྒྱ་དང་། རོལ་རྩེད་ལ་མགོ་འཁོར་ཏེ་སློབ་སྦྱོང་དང་ལས་ཀར་འཐུས་ཤོར་འགྲོ་བ་དང་།། གཉིད་ཉུང་དྲགས་པ། ལུས་པོ་འགུལ་སྐྱོད་ཉུང་བས་ཤ་རྒྱགས་པ་ཆགས་པ། སྤུན་མཆེད་དང་གྲོགས་པོ་ཚོར་འབྲེལ་བ་ཉུང་དུ་སོང་བ། སྤྲོ་ཐུང་ཐུང་ཆགས་པ། ལས་ཀ་དང་སློབ་སྦྱོང་ལ་དོ་སྣང་རྒྱུན་བསྲིངས་བྱེད་མི་ཐུབ་པ། མིག་ཤེད་མངོན་གསལ་གྱིས་ཞན་དུ་འགྲོ་བ་སོགས་ཀྱི་མངོན་རྟགས་ཡོང་གི་ཡོད།

ཆེད་ལས་མཁས་པ་ཞིག་གིས་བཤད་པ་ལྟར་ན། ཕྲུ་གུ་དྲ་ལང་དུ་ཤོར་ཡོད་མེད་དམ། ཕྲུ་གུར་དྲ་ནད་ཕོག་ཡོད་མེད་ནི་གཤམ་གསལ་གྱི་གནས་ཚུལ་ལ་དོ་སྣང་བྱས་ན་ཤེས་ཐུབ་ཟེར།

༡) གློག་ཀླད་ལ་སྐྱོན་ཤོར་སྐབས་སམ། གློག་ཀླད་བེད་སྤྱོད་བྱེད་མ་བཅུག་པ། དྲ་ལམ་བཀག་པ་བཅས་བྱེད་སྐབས་ཁོང་ཁྲོ་ལངས་འགྲོ་བ་དང་། ཤིན་ཏུ་མ་སྐྱིད་པ་ཆགས་འགྲོ་བ།

༢) རོལ་རྩེད་དང་དྲ་ལམ་དུ་འཁྱམ་རྒྱུར་ལང་ལ་ཤོར་སྟབས། ནང་མི་མཉམ་འཛོམས་ཀྱི་ཁ་ལག་སྐབས་སུའང་མཉམ་སྡོད་མི་བྱེད་པ།

༣) གྲོགས་པོ་གྲོགས་མོ་དང་། སྤུན་མཆེད་ཚོར་གླེང་མོལ་བྱེད་ཚད་ཉུང་དུ་འགྲོ་བ་དང་། ཕྱི་ལ་འགྲོ་འདོད་མི་བྱེད་པ།

༤) མིག་དམར་པོ་ཆགས་མང་ཤིང་། གཤིས་ཀ་ཇེ་རྩུབ་ཏུ་འགྲོ་བ། ཤ་རྒྱགས་པ་ཆགས་པ།

༥) ལས་ཀ་དང་སློབ་སྦྱོང་ཧ་རེ་ཧོ་རེར་བྱེད་པ་ལས་ཞིབ་ཚགས་མི་ཡོང་བ།

གལ་སྲིད་གོང་གསལ་གྱི་མངོན་རྟགས་ཚང་མའམ་མང་ཆེ་བ་ཡོང་གི་ཡོད་ན། ནང་མི་ཚོས་དམིགས་བསལ་དོ་སྣང་བྱེད་དགོས། དེ་ཡང་དྲ་རྒྱ་བཀག་པ་ཙམ་གྱིས་མི་ཡོང་བར། རྒྱུན་རིང་ཕྱོགས་མང་པོ་ནས་ནུས་པ་འདོན་དགོས་པ་དཔེར་ན། ཕྱི་ལ་འཆམ་འཆམ་ལ་འཁྲིད་པ་དང་། གྲོགས་པོ་གྲོགས་མོ་དང་འཛོམས་དུས་བཀོད་སྒྲིག ནང་མི་མཉམ་དུ་གློག་བརྙན་བལྟ་བ། རྩེད་རིགས་འདྲ་མིན་ལ་རོལ་དུ་འཇུག་པ་སོགས་ཕྱོགས་མང་པོ་ནས་འབད་བརྩོན་བྱེད་དགོས།

རྩོམ་སྔ་མ།མྱོང་གླེང་། གཉིས་པ།
རྩོམ་རྗེས་མ།མྱོང་གླེང་། གསུམ་པ།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།