མདུན་ངོས། དཔྱད་རྩོམ། མྱོང་གླེང་། ལ...

མྱོང་གླེང་། ལྔ་པ།

༤༤༤༣༨༢

གྲོ་མོ་རིན་ཆེན་སྒང་ལ།

(༢༠༢༠ ཟླ་བ་ ༥ ཚེས་ ༣ ཉིན་རྫོགས་པར་བྲིས།)

པེ་ཊོལ་ནི་ངའི་སློབ་ཕྲུག་ཅིག་རེད། ཁོས་བོད་ཡིག་སྦྱོང་བ་དང་མཉམ་དུ་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་ལའང་དོ་སྣང་བྱེད། ངས་དེ་ནི་དོན་དམ་པའི་སློབ་སྦྱོང་ཞིག་རེད་དྲན། གང་ཡིན་ཟེར་ན། ཁོ་རྒན་ཡོལ་ཞུས་ཟིན་པས་དེ་ཚོ་སྦྱངས་ནས་ཁོ་ལ་དཔལ་འབྱོར་དང་ལས་ཀའི་ཐད་ཁེ་ཕན་ཐོབ་རྒྱུ་གང་ཡང་མེད།

ཁ་སང་ཁོས་བོད་ས་ ‘ཡ་ཏུང་’ཞེས་པ་ཞིག་གི་སྐོར་ཡང་ཡང་གླེང་བས། ངས་ཐོག་མར་དེ་གང་ལ་ཟེར་མིན་མ་ཤེས། ཨིན་སྐད་དུ་ག་རེ་ཟེར་བ་གཞི་བཟུང་དྲ་ལམ་དུ་བཙལ་བས་ཐ་མ་ས་དེ། བོད་ས་གྲོ་མོ་ཡིན་པ་ཤེས། ཨིན་སྐད་དུ་གྲོ་མོ་ལ་ Yadong ཟེར་དོན་ནི། ཨིན་ཇི་བ་ཡུལ་དེར་སླེབས་སྐབས། གྲོ་མོ་ས་ཁུལ་གྱི་བྱེ་བྲག་“གཉའ་གདོང་”ངམ་“སྣ་གདོང་”ཞེས་པ་ཡུལ་སྤྱིའི་མིང་ཡིན་ཤག་དུ་སེམས་ཏེ་ཡིག་ཆར་བཀོད་ཅིང་། དེ་ཡང་སྒྲ་གདངས་ཇི་བཞིན་མ་ཐོན་པར་བྱུང་བ་རེད་ཅེས་གཞིས་རྩེའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་སོགས་སུ་བཀོད་འདུག

 པེ་ཊོལ་གྱིས་གྲོ་མོའི་སྐོར་རྩད་གཅོད་བྱེད་དོན་ནི། གླུ་གཞས་ཤིག་དང་འབྲེལ་ནས་འདུག །དེ་ཡང་དེང་སང་ཕྱི་མི་བོད་སྐད་སྦྱོང་མཁན་ཁྲོད་དུ་བོད་ནང་གི་གཞས་པ་བློ་བཟང་འཇིགས་མེད་ཀྱི་གཞས་ཉན་མཁན་མི་ཉུང་བ་ཞིག་ཡོད་ཅིང་། ཁོང་གི་གཞས་གྲགས་ཆེ་བ་གཅིག་ནི། གྲོ་མོ་རིན་ཆེན་སྒང་ཞེས་པ་དེ་རེད། བློ་བཟང་འཇིགས་མེད་ཀྱི་གཞས་དེ་འདི་རེད།

འདིའི་གཞས་ཚིག་ནི། གཤམ་གསལ་ལྟར་ལགས།

གྲོ་མོ་རིན་ཆེན་སྒང་ལ། ཐེགས་མཁན་མི་ཞིག་བྱུང་ན།
ངའི་ཆེན་པོའི་ལག་རྟགས་མེད་ཀྱང་། ཆུང་བའི་ཡིག་ཆུང་བསྐུར་ཡོད།

ལྕམ་སྐུ་ཞབས། ག་རེ་གནང་གི་ཡོད། མ་མཇལ་ཡུན་རིང་། སྐུ་གཟུགས་བདེ་པོ་ཡིན་ནམ། ད་བར་དུ་འབྲེལ་བ་གཅིག་ཡས་(ཀྱང་)མ་བྱུང། ཕལ་ཆེར་ཁྱེད་རང་ང་བརྗེད་པ་མིན་འགྲོ། ཡིག་གེ་གཅིག་བསྐུར་ནས་བསམ་ཚུལ་བཤད། ཁྱེད་རང་གི་བཞིན་རས་ཡིད་ལ་དྲན། བརྩེ་སེམས་དེ་ཁྱེད་རང་ལ་སྤྲད། ངའི་བརྩེ་བའི་མི་དེ་ཁྱེད་རང་ལས་མེད། ལོ་ཁ་ཤས་གོང་གི་གཟའ་ཟླ་བ་གཅིག་ལ། ཁྱེད་རང་ང་དང་ཁ་བྲལ་ནས། བཀའ་མོལ་ཚིག་གཅིག་ཡས་(ཀྱང་)གསུངས་མེད། སྐྱིད་པོ་བྱས་གཅིག་པུར་ཐེགས། ཁྱེད་རང་ལམ་སང་ལོག་ཡོང་གི་རེད་བསམ་བྱུང་། ཡིན་ནའི་དུས་ཚོས་ལོ་འདི་གས་ཕྱིན་སོང་། ངའི་བློ་འདི་ཕམ་བྱུང་། ཡིན་ནའི་ཉི་མ་འདི་མགྱོགས་པོ་འགྲོ་གི་རེད་བསམ་བྱུང་།

ཡཱ་་་འོ་ན་ལྷ་སའི་གཞུང་ལ་གསུང་ལ་སྙན་པའི་བྱིའུ་ཆུང་འཇོལ་མོ། གསུང་སྐད་སྙན་པ་ལཱ། སང་གཞེས་གནངས་གཞེས། དབྱིངས་ཀྱི་ནང་ལ་ཚུད་སོང་། ཤར་པ་རིན་འཛིན་དགའ་ཡཱ། སྔོན་མོའི་ཆང་གིས་ལ་བཟི་ཡཱ།

ལྕམ་སྐུ་ཞབས། ག་རེ་གནང་གི་ཡོད། ཁྱེད་རང་ང་ལ་སེམས་ཁྲལ་བྱས་མི་དགོས། སྣང་བ་སྐྱིད་པོ་འདུག་གོ །བདེ་པོ་ཡིན་དོའོ། ཁྱེད་རང་འཁྲིས་ལ་ཡོད་ན་ཕུན་སུམ་ཚོགས། གངས་བབས་སོང་། ལོ་གསར་པ་ཤར་སོང་།
ཁྱེད་རང་ཡང་སྙིང་ག་དུས་ལོག་ཕེབས་ཡོང་། མཉམ་དུ་གནམ་མཚོར་འགྲོ་བ་ཁ་ཆད་བྱས་པ་དེ་ལག་ལེན་ཐེབས་མ་སོང་། གལ་ཡོད་མ་རེད། སེམས་ཕམ་མ་དགོས། རྗེས་སུ་གོ་སྐབས་མང་པོ་ཡོད་རེད།
ང་ནི་སྔར་བཞིན་ཁྱེད་རང་གི་Mr.bee འགྱུར་བ་མེད་པའི་melody ཁྱེད་རང་ས་དེར་གཟུགས་པོ་བདག་གཅེས་བྱེད། སྣང་བ་སྐྱིད་པོ་བྱས་བཞུགས་ཤིག ཡི་གེ་འདི་གཟིགས་བྱུང་ན་ཡིག་ལན་ཞིག་བསྐུར་ན། འདི་ནི་ང་རའི་རེ་བ་ཡིན།

གྲོ་མོ་རིན་ཆེན་སྒང་ལ། ཐེགས་མཁན་མི་ཞིག་བྱུང་ན།
ངའི་ཆེན་པོའི་ལག་རྟགས་མེད་ཀྱང་། ཆུང་བའི་ཡིག་ཆུང་བསྐུར་ཡོད།

འཇམ་ཐིང་ཐིང་གི་མཚན་མོ་ཞིག་ལ། ཟླ་འོད་འཕྲོ་བའི་མཚོ་ཆུའི་འགྲམ་ལ། དུས་ནམ་ཡང་ཁ་མ་འབྲལ་བ་དམ་བཅའ་བཞག་པའི་བསམ་བློ་འཁོར་བ། དེ་དུས་གཅིག་སེམས་གཅིག་ལ་འབྲེལ་བ། མ་བསྒྲིགས་རང་འགྲིག་གི་གཏན་གྲོགས་ཡིན་པ། ཁྱེད་རང་ལ་བསྐུར་བའི་ངས་བྲིས་བའི་རི་མོ། འབྱོར་ཡོད་དམ། ལན་བྱེད་མཁན་མི་འདུག ཁྱེད་རང་ལ་བཏབ་པའི་མེ་ཏོག །སྔ་ས་ནས་རྣམ་པར་བཞད་སོང་། ཚེས་ཆེན་དུས་བཟང་ལ་སླེབས་དུས།
ང་འགྲམ་དུ་ཡོད་པའི་བསམ་འདུན། ང་གཉིས་མགྱོགས་པོ་ཐུག་ཡོད་པའི་སྨོན་འདུན། ད་དེའི་སྐོར་གྱི་གཉིད་ལམ་ནང་འཛུལ།

ལཱ་་་ག་རེ་གནང་མཁན་ཡིན།
ལཱ་་་མཆོད་ཆང་བཞེས་མཁན་ཡིན་པས།
ནོར་འཛིན་གསལ་སྒྲོན་དབྱིངས་ཀྱི་ནང་ལ་ཚུད་སོང་།
ཤར་པ་རིན་འཛིན་དགའ་ཡཱ། སྔོན་མོའི་ཆང་ལ་བཟི་ཡཱ།

བློ་བཟང་འཇིགས་མེད་ཀྱིས་བཏང་བའི་གཞས་འདི་ནི་གྲོ་མོ་རིན་ཆེན་སྒང་ཞེས་པའི་གླུ་གཞས་ཀྱི་རྣམ་པ་གསར་ཤོས་ཤིག་ཡིན་ཞིང་། དོན་དངོས་སུ་གླུ་གཞས་འདི་བྱུང་བ་ནས་ད་བར་འགྱུར་ལྡོག་ག་ཚོད་ཙམ་སོང་མིན་ང་ཚོས་གཏན་འཁེལ་བ་བརྗོད་ཐབས་མེད།

གྲོ་མོ་རིན་ཆེན་སྒང་ཞེས་པའི་གཞས་དེ་ཧོབ་སྟེ་ཉན་སྐབས་ཐོག་མའི་གཞས་ཚིག་ཚིག་རྐང་བཞི་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་དབང་གིས་ལམ་སེང་དེ་ལ་ཉན་ཤོར་བ་ཞིག་ཡིན་རུང་། དེའི་མཇུག་རྣམས་ཞིབ་ཏུ་ཉན་སྐབས་རྒྱབ་ལྗོངས་ལོ་རྒྱུས་མ་ཤེས་ན་མགོ་མཇུག་འབྲེལ་བ་མེད་པའི་གཞས་ཚིག་ཁྱད་མཚར་ཞིག་ཏུ་མཐོང་ངེས་ཡིན། གཤམ་ལ་ང་ཚོས་དེའི་ཐོག་མའི་གཞས་ཚིག་གི་རྣམ་པ་ལ་གཅིག་བལྟ།

གྲོ་མོ་རིན་ཆེན་སྒང་ལ་ཕེབས་མཁན་མི་ཞིག་བྱུང་ན།
ཆེན་པོའི་ཕྱག་རྟགས་མེད་ཀྱང་སེམས་པའི་ཡིག་ཆུང་བསྐུར་ཆོག
སང་བྱོན་གནངས་བྱོན་ཡིན་པའི་ཨ་ཇོ་གཉའ།
ལགས་འོ་ན་ལྷ་སའི་ཆུང་འདྲིས། གསུང་ལ་སྙན་པ་བྱིའུ་ཆུང་འཇོལ་མོ། གསུང་བཤད་གནང་རོགས་གནང་དང་།
ལོའོ་ག་རེ་གནང་མཁན་ཡིན་པ། ལོའོ་མཆོད་ཆང་མཆོད་མཁན་ཡིན་པས།
ནོར་འཛིན་གསལ་སྒྲོན་སྔོན་གྱི་ལས་ལ་བསྐོས་སོང་།

གོང་གསལ་གྱི་གཞས་ཚིག་གི་ནང་དོན་དཔྱིས་ཕྱིན་པ་གོ་བ་ལ་ཕན་ཆེད། འདིའི་རྒྱབ་ལྗོངས་ལོ་རྒྱུས་བཤད་ན། ལྷ་སའི་ཚོང་པ་ཞིག་ཚོང་ལ་འགྲོ་ཐེངས་རེར། གྲོ་མོར་ཚུགས་བབས་སྟེ་ཉིན་ཤས་སྡོད་ཅིང་། དེར་སྡོད་རིང་གྲོ་མོ་རིན་ཆེན་སྒང་གི་བུ་མོ་ཞིག་དང་བརྩེ་དུང་གི་འབྲེལ་བ་ཆགས། འོན་ཀྱང་ལྷ་སར་ཁོང་ལ་དགའ་མ་གཞན་ཞིག་ཡོད་པ་དེའི་མིང་ལ་ནོར་འཛིན་གསལ་སྒྲོན་ཟེར་ཞིང་། ཐ་མ་ནོར་འཛིན་གསལ་སྒྲོན་དང་གཉེན་སྒྲིག་གིས་མི་ཚེ་བསྐྱལ། ལོ་ན་རྒས་སྐབས་ཚོང་པ་དེ་ལྷ་སའི་ཆང་ཁང་ནང་ཆང་ལ་རོལ་བཞིན་གྲོ་མོའི་དགའ་མ་དྲན་པས། གོང་གི་
གྲོ་མོ་རིན་ཆེན་སྒང་ལ། ཕེབས་མཁན་མི་ཞིག་བྱུང་ན།
ཆེན་པོའི་ཕྱག་རྟགས་མེད་ཀྱང་། སེམས་པའི་ཡིག་ཆུང་བསྐུར་ཆོག །ཅེས་དབྱངས་སུ་བཀུག་ནས་བཏང་གི་ཡོད་འདུག
གཞས་དེ་བཏང་བ་ཧ་ཅང་སྙན་པོ་བྱུང་སྟབས། ལྷ་སའི་ནང་གི་ནང་མའི་སྐྱིད་སྡུག་གིས་ལེགས་བཅོས་བྱས་ཏེ་ཡོངས་གྲགས་སུ་སྤེལ། དེ་ནས་རིམ་པས་སྤྱི་ཚོགས་ནང་དར་ཁྱབ་ཆེན་པོ་བྱུང་བར་བཤད། ཐོག་མའི་གཞས་ཚིག་གོང་གསལ་ལྟར་ཡིན་པའི་ཁོངས་ནས། སང་བྱོན་གནངས་བྱོན་ཡིན་པའི་ཨ་ཇོ་གཉའ། ཟེར་བའི་“གཉའ་”ནི་ལྷ་སའི་སྐད་དུ། མི་ལ་ཅ་དངོས་སྤྲོད་སྐབས། གཉའ་ཞེས་ངག་ནས་རྗོད་ཞོར་ཅ་ལག་སྤྲོད་པ་དེ་ཡིན། དོན་ནི་སང་གནངས་གྲོ་མོར་ཐོན་མཁན་གྱི་ཨ་ཇོར་གཉའ་ཞེས་ཡི་གེ་སྤྲད་པའི་ཁུལ་རེད།
དེའི་གཤམ་དུ། གསུང་ལ་སྙན་པའི་བྱིའུ་ཆུང་འཇོལ་མོ། ཞེས་པ་དེ་གཞས་ཚིག་གི་བར་བར་དུ་སྙན་ཆ་འདོན་ཆེད་དུ། ཆུང་ལ་ཚེ་རིང་དང་། སྐལ་བཟང་ལ་སོགས་འཇུག་སྲོལ་ཡོད་པ་ལྟར། གསུང་ལ་སྙན་པའི་བྱིའུ་ཆུང་འཇོལ་མོ་ཡང་དེའི་གྲས་ཤིག་རེད། གོ་བ་ལེན་དུས། ལགས་འོ་ན། ཞེས་ཆང་ཁང་ནང་མཉམ་དུ་འཛོམས་པའི་ཆུང་འདྲིས་གྲོགས་པོར། གཏམ་གླེང་གནང་དང་ཟེར་བ་རེད།

ལོའོ་ག་རེ་གནང་མཁན་ཡིན་པ། ལོའོ་མཆོད་ཆང་མཆོད་མཁན་ཡིན་པས། ཞེས་པ་དེ་ནི། གློ་བུར་དུ་ལྷ་སར་ཡོད་པའི་རང་གི་བཟའ་ཟླ་ནོར་འཛིན་གསལ་སྒྲོན་ཆང་ཁང་ནང་ཡོང་ནས། ག་རེ་བྱེད་མཁན་ཡིན་མིན་དྲི་བ་དྲིས་པས། ཚོང་པ་རྒད་པོའི་ཁ་ནས་དབང་མེད་དུ་ནོར་འཛིན་གསལ་སྒྲོན་སྔོན་གྱི་ལས་ལ་བསྐོས་སོང་ཞེས་ཤོར་བ་རེད། ད་དུང་གཞས་ཀྱི་མཇུག་མཐའ་དེར་ཤོ་ལོ་མོ་ལོ་ཀབ་ཅེས་པ་ཞིག་ཡོད་པ་དེའི་དོན་ནི། རྒད་པོ་རྒད་མོ་དང་ནད་པ་སོགས་ཡར་ལངས་དུས་དང་། ཅ་དངོས་འདེགས་སྐབས་ནུས་ཤུགས་ཡོད་རྒུ་བཏོན་པ་མཚོན་བྱེད་དུ། ཁ་ནས་ཤོ་ལོ་མོ་ལོ་ཀབ་ཅེས་ཟེར་སྲོལ་ཡོད་པ་ལྟར། རྒད་པོ་ཤུགས་ཀྱིས་ཡར་ལངས་ནས་ནོར་འཛིན་གསལ་སྒྲོན་མཉམ་དུ་ལོག་པའི་དོན་རེད་དེ། ཕྱིས་སུ་དུམ་བུ་འདི་དོར་འདུག  །དེའི་སྐོར་ལྷ་སར་བཅའ་བཞུགས་སྟོད་གཞས་རྒྱུན་འཛིན་པ་བཀྲ་ཤིས་ཚེ་རིང་གིས་གསུངས་པ་འདི་གསན།

ད་ང་ཚོས་གྲོ་མོ་རིན་ཆེན་སྒང་གི་ཐོག་མའི་གཞས་དེར་མཉམ་དུ་མཉན་པར་བྱ། གཞས་འདི་གཏོང་མཁན་ནི། ལྷ་སར་བཅའ་བཞུགས་སྟོད་གཞས་རྒྱུན་འཛིན་པ་བཀྲ་ཤིས་ཚེ་རིང་སོགས་རེད། སྒྲ་དང་བརྙན་གཉིས་ཀའི་ཁུངས་འདིརཡོད།

གོང་གསལ་བཀྲ་ཤིས་ཚེ་རིང་ལགས་སོགས་ཀྱིས་བཏང་བའི་གཞས་ཚིག་དང་ཕྱོགས་མཐུན་པ་ཞིག་བཙན་བྱོལ་ནང་གི་གཞས་པ་བཀྲས་ཆུང་ལགས་ཀྱིས་ཀྱང་བཏང་འདུག་པ་འདི་ནས་གསན་ཐུབ། བཀྲས་ཆུང་གི་གཞས་འདིའི་ནང་“ཤོ་ལོ་མོ་ལོ་ཀབ་”ཅེས་པ་དེ་མ་དོར་བར་བཞག་འདུག

དུས་ཚོད་རིམ་གྱིས་སོང་བ་དང་མཉམ་དུ། གྲོ་མོ་རིན་ཆེན་སྒང་ཞེས་པའི་གཞས་དེར་འགྱུར་བ་སྣ་ཚོགས་བྱུང་ཡོད། གཤམ་དུ་བཀོད་པའི་མགོན་པོ་ཕྲ་གསར་གྱི་བརྙན་དེ་ནི། དེང་སང་ཡོངས་གྲགས་ཀྱི་གྲོ་མོ་རིན་ཆེན་སྒང་ཞེས་པའི་གཞས་དེ་རེད།

དེའི་གཞས་ཚིག་ནི།

གྲོ་མོ་རིན་ཆེན་སྒང་ལ།
ཐེགས་མཁན་མི་ཞིག་བྱུང་ན།
ངས་ཆེན་པོའི་ལག་རྟགས་མེད་ཀྱང་།
ཆུང་བའི་ཡིག་ཆུང་བཏང་ཡོད།
ཡཱ་་་འོ་ན་ལྷ་སའི་ཞོལ་ལ།
གསུང་ལ་སྙན་པའི་བྱིའུ་ཆུང་འཇོལ་མོ།
གསུང་སྐད་སྙན་པ་ལཱ།
སང་གཞེས་གནངས་གཞེས། དབྱིངས་ཀྱི་ནང་ལ་ཚུད་སོང་།
ཤར་པ་རིན་འཛིན་དགའ་ཡཱ། སྔོན་མོའི་ཆང་ལ་ནི་བཟིར་ཡཱ།

ལཱ་་་ག་རེ་གནང་མཁན་ཡིན།
ལཱ་་་མཆོད་ཆང་བཞེས་མཁན་ཡིན་པས།
ནོར་འཛིན་གསལ་སྒྲོན་དབྱིངས་ཀྱི་ནང་ལ་ཚུད་སོང་།
ཤར་པ་རིན་འཛིན་དགའ་ཡཱ། སྔོན་མོའི་ཆང་ལ་ནི་བཟི་ཡཱ།

གོང་གསལ་མགོན་པོ་ཕྲ་གསར་གྱི་གཞས་དེའི་ནང་དོ་སྣང་བྱེད་འོས་པ་ཁ་ཤས་ཡོད་པ་དཔེར་ན།

༡ ཆུང་བའི་ཡིག་ཆུང་བཏང་ཡོད་ཅེས་ཡིག་ཆུང་བཏང་ཚར་བར་བཅོས་པ་ལྟ་བུ་ནི། གཞས་འདི་གཅིག་ནས་གཞན་དུ་ངག་ལམ་ནས་བརྒྱུད་སྐབས་འགྱུར་བ་ཐེབས་པའི་དཔེ་མཚོན་ཞིག་རེད་ལ། འདི་འདྲའི་འགྱུར་བ་ཆུང་ཆུང་ནི། གཞས་པ་གཞན་གྱིས་བཏང་བའི་“གྲོ་མོ་རིན་ཆེན་སྒང་”ཞེས་པའི་གཞས་ཕལ་མོ་ཆེར་འདུག

༢ སང་གཞེས་གནངས་གཞེས། དབྱིངས་ཀྱི་ནང་ལ་ཚུད་སོང་། ཞེས་པའི་ཚིག་དོན་ནི། ལས་དོན་གང་ཞིག་སང་ངམ། གནངས་ངམ། གཞེས་ཉིན་ལ་བྱས་པས་ཆོག་ཅེས་ཕར་ཕར་འགྱངས་ནས། དབྱིངས་ནས་ཚུད་པ་སྟེ་རྣམ་གཡེང་གི་དབང་དུ་ཤོར་བ་ཟེར་བ་རེད།

༣ ཐོག་མའི་གཞས་ཚིག་དང་མི་འདྲ་བ་ཞིག་ནི། འདིའི་ནང་ཤར་པ་རིག་འཛིན་དགའ་ཡ། སྔོན་མོའི་ཆང་ལ་ནི་བཟིར་ཡ་ཞེས་པ་ཞིག་གསལ་ཡོད། གཞས་ཚིག་ཁ་ཤས་སུ་སྔོན་མོའི་ཆང་གིས་(ལ)བཟི་ཡ། ཞེས་བཀོད་པའང་འདུག འདིའི་ཤར་པ་རིག་འཛིན་འདི་གྲོ་མོ་རིན་ཆེན་སྒང་གི་དགའ་རོགས་དྲན་མཁན་ཚོང་པ་དེའི་མིང་མིན་ནམ་སྙམ་རུང་། དེ་ལྟར་ཡིན་པའི་ཁུངས་གང་ཡང་མ་བརྙེད།

༤ གཞས་འདི་ཉན་སྐབས། ཉན་མཁན་ཚོའི་སེམས་ནང་། གྲོ་མོ་རིན་སྒང་གི་དགའ་མ་དྲན་པའི་མི་དེ། ལྷ་སའི་ཆང་ཁང་ནང་དུ་ཆང་འཐུང་རོལ་རྩེད་ལ་གཡེང་བ་མ་ཟད། བུད་མེད་ནོར་འཛིན་གསལ་སྒྲོལ་ཟེར་བ་ཞིག་ཀྱང་དེ་དང་མཉམ་དུ་དབྱིངས་ལ་ཚུད་ཡོད་པའི་རྣམ་པ་འཆར་གྱི་ཡོད།

རྩ་བའི་གཞས་འདི་སྒྲ་རུ་ཕབ་པ་དང་བརྙན་དུ་བསྡེབས་པ་མང་བས་ཚང་མ་འདིར་དྲངས་ཏེ་དཔྱད་གླེང་བྱེད་ཚོད་མ་མཆིས་ཀྱང་། ཉེ་དུས་གཞས་མ་སྐར་གསུམ་གྱིས་གཞས་དེ་བཏང་བར་དོ་སྣང་བྱ་དགོས་པའི་གནད་འགའ་མཆིས།

སྐར་གསུམ་གྱིས་བཏང་བའི་གཞས་དེའི་གཞས་ཚིག་ནི།
གྲོ་མོ་རིན་ཆེན་སྒང་ལ།
ཕེབས་མཁན་མི་ཞིག་བྱུང་ན།
ངས་ཆེན་པོའི་ལག་རྟགས་མེད་ཀྱང་།
ཆུང་བའི་ཡིག་ཆུང་བསྐུར་ཡོང་།
ལ་་་འོ་ན་ལྷ་སའི་གཞུང་ལ།
གསུང་ལ་སྙན་པའི་བྱིའུ་ཆུང་འཇོལ་མོ།
གསུང་སྐད་སྙན་པ་ལ།
སང་ཞེས་གནངས་གཞེས། དབྱིངས་ཀྱི་ནང་ལ་ཚུད་སོང་།

ལཱ་་་ག་རེ་གནང་མཁན་ཡིན་པ།
ལཱ་་་མཆོད་ཆང་བཀྱགས་མཁན་ཡིན་པས།
ནོར་འཛིན་གསལ་སྒྲོན་དབྱིངས་ཀྱི་ནང་ལ་ཚུད་སོང་།

ཞེས་པ་དེ་རེད། གཞས་འདི་དང་མགོན་པོ་ཕྲ་གསར་གྱི་གཞས་བར་གྱི་ཁྱད་པར་ཆེ་ཤོས་གཅིག་ནི། ཤར་པ་རིན་འཛིན་གྱི་སྐོར་དེ་ཡོངས་སུ་དོར་བ་དེ་རེད། ཤར་པ་རིག་འཛིན་གྱི་སྐོར་གང་ཡང་མ་བཀོད་པ་དེས། གཞས་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མ་ཤེས་པར་ཐད་ཀར་ཉན་མཁན་ཚོར། གོ་བ་གཞན་ཞིག་སྟེར་བ་སྟེ། གཞས་འདིའི་མི་སྣ་གཙོ་བོ་ནི་ལྷ་སའི་བུད་མེད་ནོར་འཛིན་གསལ་སྒྲོན་ཞེས་པ་ཞིག་ཡིན་པ་དང་། དེས་གྲོ་མོ་རིན་ཆེན་སྒང་གི་དགའ་རོགས་ཤིག་དྲན་བཞིན་འཕྲིན་ཡིག་བསྐུར་འདོད་ཡོད་པ་དང་མཉམ་དུ། རང་ཉིད་ལྷ་སའི་ཟང་ཟིང་གི་འཚོ་བའི་ནང་མགོ་གཡེང་བའི་རྣམ་པ་ཞིག་བསྐྲུན་པ་དེ་རེད། འདི་ལྟར་གྲོ་མོ་རིན་ཆེན་སྒང་ཞེས་པའི་དམངས་གཞས་དེ་ལ་འགྱུར་བ་འགྲོ་བཞིན་ཡོད་ལ། འགྱུར་བ་དེ་ཚོར་བརྟེན་ནས་གཞས་རྙིང་པ་དེར་སྲོག་གསར་པ་ཞུགས་ཏེ། ཡང་ནས་ཡང་དུ་སྤྱི་ཚོགས་སྟེང་མངོན་བཞིན་ཡོད། དེ་ནི་སྒྱུ་རྩལ་གྱི་གསོན་ཤུགས་རེད།

རྩ་བའི་གྲོ་མོ་རིན་ཆེན་སྒང་ལ་ཞེས་པའི་གཞས་འདིར་གཙོ་བོའི་བརྗོད་དོན་གཉིས་ཡོད་པ་ལས། དང་པོ་ནི།
གྲོ་མོ་རིན་ཆེན་སྒང་ལ། །ཕེབས་མཁན་མི་ཞིག་བྱུང་ན།། ཆེན་པོའི་ཕྱག་རྟགས་མེད་ཀྱང་། །སེམས་པའི་ཡིག་ཆུང་བསྐུར་ཆོག །ཅེས་པའི་ཚིག་རྐང་བཞི་དེ་རེད། ཚིག་རྐང་གཞི་འདིའི་ནང་དོན་གསལ་ལ་ཚིག་སྦྱོར་སྙན་པ། སེམས་ཁོང་གི་བརྩེ་དུང་མཚོན་ཐབས་ལེགས་པ་བཅས་ནི་གཞས་འདིར་མང་ཚོགས་ཀྱིས་དགའ་པོ་བྱེད་དོན་གཙོ་བོ་དེ་རེད། །

བརྗོད་དོན་གཉིས་པ་ནི། དེའི་རྗེས་ཀྱི། ལགས། འོ་ན་ཞེས་པའི་མན་རྣམས་རེད། བརྗོད་དོན་དང་པོ་དེ་མི་སྣ་དང་པོས་རང་གི་སེམས་ཚོར་ཐད་ཀར་སྟོན་པ་ཞིག་རེད། བརྗོད་དོན་གཉིས་པ་ནས་གློ་བུར་དུ་མི་སྣ་གསུམ་པའི་ངང་ཚུལ་འགྲེལ་བཤད་བྱེད་པར་འགྱུར་ལྡོག་སོང་ཡོད། དེ་ཡང་གཙོ་བོ་གཞས་ལ་འཁྲུག་ཆ་དང་དགོད་བྲོ་པོ་ཡོང་ཆེད་ཕྱིས་སུ་བསྣན་པར་སྣང་། དམངས་ཁྲོད་ཀྱི་གླུ་གཞས་མང་པོ་ཞིག་འདི་ལྟར་དར་འཕེལ་དང་འགྱུར་ལྡོག་བྱུང་བ་རེད་ལ། བོད་མིར་འདི་འདྲའི་འཕེལ་རིམ་ཅན་གྱི་གཞས་མང་པོ་ཞིག་ཡོད་པ་དེ། བོད་ཀྱི་གླུ་གཞས་འཕེལ་རིམ་གྱི་ལོ་རྒྱུས་ནང་གལ་ཆེན་པོ་རེད།

གཟའ་མཇུག་གི་དུས་ཚོད་ཡོལ་ལ་ཉེ། པེ་ཊོལ་གྱིས་ད་དུང་ཡང་དྲི་བ་མང་པོ་ཞིག་དྲིས་ཡོང་། དཔེར་ན། གཞས་འདི་ཡང་སྙིང་དུས་རབས་ག་དུས་བྱུང་བ་དང་། ཚོང་པ་དེ་ཡང་སྙིང་སུ་ཡིན་པ་སོགས་རེད། དྲི་བ་དེ་ཚོར་ངས་ལན་འདེབས་མ་ཐུབ།

རང་ཁྱིམ་དུ་ལོག་ཡོང་དུས། ངས་དྲ་ལམ་ནས་གྲོ་མོ་རིན་ཆེན་སྒང་ཞེས་པའི་གཞས་དེར་ཉན། ཉན་གྱིན་ཉན་གྱིན་ངའི་རིན་ཆེན་སྒང་སྟེ། བོད་ས་བོད་ཡུལ་དྲན།

       བོད་ཡུལ་རིན་ཆེན་སྒང་ལ།། འགྲོ་མཁན་མི་གཅིག་བྱུང་ན་ ་ ་ ་

 

རྩོམ་སྔ་མ།ངས་ཁྱེད་ལ་འདི་ལྟར་དགའ།
རྩོམ་རྗེས་མ།ཉིན་གཅིག་གི་དངོས་མཐོང་།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།