མདུན་ངོས། མྱོང་བྱང་། ཉིན་གཅིག་གི་ད...

ཉིན་གཅིག་གི་དངོས་མཐོང་།

༤༥༨༡༣༣

སྨ་ར།

གློག་སྐས་དེ་ནས་མར་བབས་ཡོང་དུས། གཡོན་ངོས་དེ་ནས་འགྲུལ་པ་ཚོས་སངས་རྒྱས་ཀྱི་སྐྱབས་སྦྱིན་དང་ཆོས་འཆད་སོགས་ཀྱི་ཕྱག་རྒྱ་དེ་ཚོ་མཇལ་ངེས་ཡིན། ཕྱག་རྒྱ་དེ་དག་གསལ་བའི་གཟུགས་བརྙན་ནི་གསེར་ཟངས་ལས་བཟོས་ཏེ། རྩིག་ལྡེབས་སུ་དཔྱངས་བཞག་པ་ཞིག་རེད། ཕྱག་རྒྱ་འདི་དག་ནམ་རྒྱུན་མཇལ་དུས་སེམས་ནང་དགའ་སྣང་འབྱུང་ཡང་། གནམ་གྲུ་བབས་ཐང་འདི་ནས་མཇལ་དུས་སེམས་ནང་དངངས་འཚབ་ཅིག་ལམ་སང་སླེབས་ཡོང་། གང་ཡིན་ཟེར་ན། ཕྱག་རྒྱ་དེ་ཚོའི་གཤམ་དུ་ཡོད་པ་ནི། རྒྱ་གར་གཞུང་གི་འགྲུལ་པར་ཞིབ་བཤེར་བྱེད་པའི་ས་ཚིགས་རེད།

ངས་གཞུང་འབྲེལ་མི་སྣར་ཞིབ་བཤེར་སྣེ་ལེན་དང་། རྒྱས་སྤྲོས་སྐུ་མགྲོན་ལ་ཞིབ་བཤེར་སྣེ་ལེན། རྒྱ་གར་གྱི་ལག་ཁྱེར་ཡོད་པའི་མི་སྣར་ཞིབ་བཤེར་བྱེད་ས་བཅས་རིམ་པས་བརྒལ་ཏེ། ལག་ཁྱེར་གྱི་རྣམ་དབྱེ་མེད་པར་ཚང་མ་འགྲོ་ཆོག་སའི་ཞིབ་བཤེར་ས་ཚིགས་སུ་སོང་ནས་བང་བསྒྲིགས། ངའི་སེམས་ནང་ནམ་རྒྱུན་བཞིན་འཚབ་སྣང་ཤར་ཡང་། སེམས་འཚབ་དགོས་དོན་མེད་ཅེས་རང་གིས་རང་ལ་སེམས་གསོ་བྱས། ངའི་མདུན་དུ་མི་ལྔ་དྲུག་ཅིག་འདུག་ལ། ང་སླེབས་རྗེས་ངའི་རྒྱབ་ཏུའང་མི་ལྔ་དྲུག་ཅིག་རིམ་པས་སླེབས་སོང་། ཡིན་ནའང་ངའི་མདུན་གྱི་མི་རེ་རེར་དུས་ཚོད་སྐར་མ་གཅིག་གཉིས་ལས་མི་དགོས་པར་ལམ་སང་རྒྱ་གར་ནང་འཛུལ་ཞུགས་ཆོག་པའི་ཆོག་མཆན་སྤྲད་པས། རིང་པོར་མ་ཐོགས་པར་ང་ལ་སྐོར་བ་འཁོར།

ལག་ཁྱེར་དང་ཐོངས་མཆན་ལ་བརྟག་ཞིབ་ཀྱིས་ཆོག་མཆན་སྤྲོད་མཁན་ནི། ཤེལ་སྒྲོམ་གྱི་ཁང་མིག་གཅིག་གི་ནང་མི་གཉིས་རེ་མཉམ་དུ་འདུག་ཅིང་། ངས་བརྟག་ཞིབ་པར་སྟབས་བདེའི་འཚམས་འདྲི་ཞུས་རྗེས། རང་ཉིད་ཀྱི་ལག་དེབ་དང་གནམ་གྲུའི་འཛིན་བྱང་། ད་དུང་རྒྱ་གར་དུ་ཡོང་དོན་དང་གནམ་གྲུ་གང་ཞིག་བརྒྱུད་དེ་ཡོང་བ་སོགས་གསལ་བའི་འགེངས་ཤོག་བཅས་ཕུལ། བརྟག་ཞིབ་པ་དེ་ནི་གཞོན་ནུ་ལོ་ཆུང་ཞིག་རེད་འདུག་ཅིང་། ཁོང་གིས་ངའི་ལག་དེབ་སེར་པོ་དེ་མཐོང་བ་དང་ལམ་སང་དེ་སྔོན་ལག་དེབ་དེ་འདྲ་ཞིག་རྩ་བ་ནས་མཐོང་མྱོང་མེད་པའི་ཚུལ་བསྟན་ཏེ། ལག་དེབ་ཀྱི་རྒྱབ་མདུན་དང་ནང་ངོས་ལ་ཞིབ་ལྟ་བྱས་རྗེས། འཁྲིས་ཀྱི་ལས་རོགས་ལོ་ན་ཅུང་རྒན་པ་དེར་ཤབ་ཤུབ་ཏུ་སྐད་ཆ་འགའ་དྲིས་སོང་། ང་རང་གནས་ཚུལ་འདི་རིགས་འཕྲད་ཐེངས་མང་བས། ཅི་ཡང་མ་བཤད་པར་བསྡད་པ་ཡིན། དེ་རྗེས་གཞོན་ནུ་དེས་ང་ལ་ཕྱོགས་ནས་ལག་དེབ་འདི་ག་རེ་རེད། འདིའི་ཤོག་ངོས་ནང་མར་རྒྱ་གར་ནང་ཉིན་གྲངས་འདི་ལྷག་བསྡད་མི་ཆོག་ཅེས་འཁོད་འདུག །འདི་གང་འདྲ་རེད་ཟེར། ངས་འདི་རྒྱ་གར་གཞུང་གིས་ང་ཚོ་བོད་པར་གནང་བའི་ལག་འཁྱེར་རེད། འདིའི་ཚིག་བརྗོད་ཁག་གི་གོ་དོན་སྐོར་ངས་མི་ཤེས། ཁྱེད་རང་འདི་ཚོར་བརྟག་ཞིབ་གནང་མཁན་དུ་ཆེད་བསྐོས་གནང་བ་ཡིན་དུས་ང་ལས་མང་བ་མཁྱེན་གྱི་ཡོད་ཤག་རེད་ཅེས་བརྗོད་པ་ཡིན། འདི་ནི་ཁྱེད་རང་རྒྱ་གར་གཞུང་གི་ལས་བྱེད་ཡིན་པས་ལག་འཁྱེར་འདིའི་སྐོར་ང་ལས་མང་བ་ཤེས་དགོས་ཀྱི་རེད་ཟེར་བ་ཡིན་པས། ཁོས་ཀྱང་རང་གནོངས་ངོས་ལེན་ལྟ་བུས་མུ་མཐུད་དེ་མ་དྲིས། སྐད་ཆ་བཤད་སྟངས་འདི་ནི་ངས་ཉམས་མྱོང་གི་ནང་ནས་ཤེས་པ་ཞིག་ཡིན། དེ་ཡང་རྒྱ་གར་གྱི་གནམ་ཐང་ལས་བྱེད་པར། རྒྱ་གར་གཞུང་གིས་གནང་བའི་ལག་དེབ་དང་ཡིག་ཆའི་སྐོར་ལ་འགྲེལ་བརྗོད་ཇི་ཙམ་མང་བ་བྱས་པ་དེ་ཙམ་གྱིས་དྲི་བ་མང་དུ་འགྲོ་བས། སྟབས་བདེ་ཤོས་ནི། དེ་ཁྱེད་རང་གིས་ཤེས་དགོས་པ་ཞིག་རེད། ངས་མི་ཤེས་ཟེར་རྒྱུ་དེ་རེད།

དེ་ནས་གཞོན་ནུ་དེས། ངའི་ཐོངས་མཆན་དེ་གཤེར་འབེབ་འཕྲུལ་འཁོར་བརྒྱུད་གློག་ཀླད་ནང་བརྟག་ཞིབ་བྱས་ཀྱང་གང་ཡང་མ་འཆར་བ་འདྲ། ཁོས་ཁ་རྒྱབ་ཏུ་འཁོར་ནས་ཕར་ལྟ་ཚུར་ལྟ་བྱས་རྗེས། ཁོ་རང་གི་གོང་རིམ་དཔོན་པོ་ཡིན་འདྲ་བ་ཞིག་བོས་ཏེ། གུས་ཞབས་ངང་ངའི་ཐོངས་མཆན་འདིའི་གནས་ཚུལ་རྣམས་རང་བཞིན་གྱིས་འཆར་གྱི་མི་འདུག་ཅེས་ཞུས་སོང་། དཔོན་པོ་དེས་ལྟ་ཙམ་བྱས་རྗེས། དེའི་གནས་ཚུལ་རྣམས་རང་འགུལ་གྱིས་ཤར་གྱི་མ་རེད། ཁྱེད་རང་གིས་རེ་རེ་བཞིན་འཇུག་དགོས་རེད་ཅེས་བྱང་ཆ་ཡོད་པ་ལྟར་བཤད་སོང་བས། གཞོན་ནུ་དེ་སྐབས་གཅིག་རིང་གློག་ཀླད་ནང་གནས་ཚུལ་འཇུག་པར་བྲེལ། དེ་ལྟར་སྐར་མ་བཅུ་གྲངས་ཤིག་སོང་།

ཐ་མ་ཁོས་ང་ལ་ཆོག་མཆན་སྤྲོད་ཁ་དེར། ལག་དེབ་སྒང་གི་ངའི་འདྲ་པར་དང་ངའི་གདོང་པ་མི་འདྲ་བ་ལྟ་བུ་ཞིག་ཏུ་མཐོང་སྟེ། ངའི་ཕ་མིང་དང་སྡོད་གནས་ཁ་བྱང་སོགས་རྒྱུགས་ལེན་བྱས་ཤིང་། ངས་དེ་ཚོ་འཁོན་འཁོན་ཐོགས་ཐོགས་མེད་པར་བཤད་རྗེས་ད་དུང་ཡིད་མ་ཚིམ་པར་བསྡད་འདུག །ངས་ད་ག་རེ་འགྲིག་གི་མི་འདུག་ཅེས་དྲིས་པས། ད་ལྟ་ཁྱེད་ལ་སྨ་ར་འདུག །ལག་དེབ་སྒང་གི་འདྲ་པར་ནང་སྨ་ར་གསལ་མི་འདུག་ཟེར། ངས་ཉོབ་སྣང་དང་བཅས་ཏེ། ཁྱེད་རང་གིས་སྨ་ར་བཞར་བྱེད་ཅིག་འཁྱེར་ཤོག་དང་། ངས་ད་ལྟ་རང་སྨ་ར་མེད་པ་བཟོས་ཆོག་ཅེས་བཤད། དེ་གོ་དུས་ཁོའི་ལས་རོགས་དེ་ཡང་དབང་མེད་དུ་གད་མོ་ཤོར་ཞིང་། ཁྱེད་རང་ཚོ་བོད་པ་ཚོ་ཚང་མ་གདོང་པ་འདྲ་པོ་འདྲ་པོ་འདུག་ཟེར། དེ་ལ་ངས་ཅི་ཡང་བཤད་མེད། དོན་དངོས་སུ་ང་རང་རྒྱ་གར་དུ་ཐོག་མར་སླེབས་དུས། ངས་ཀྱང་རྒྱ་གར་བ་ཚང་མ་གདོང་འདྲ་པོ་འདྲ་པོ་ཞིག་ཏུ་མཐོང་གི་ཡོད།

ལྕགས་འཁོར་བཙོན་ཁང་།
ལག་ཁྱེར་ལ་ཞིབ་བཤེར་བྱེད་ས་དེ་ནས་རྒྱ་གར་ནང་འཛུལ་ཞུགས་ཆོག་པའི་ཆོག་མཆན་རག་རྗེས་ངས་ལམ་སང་རང་ཉིད་ཀྱི་ཅ་དངོས་བླུགས་པའི་སྒམ་ལེན་སར་སོང་། སྒམ་ལེན་སའི་ཉེ་སར་སླེབས་དུས་བོད་རིགས་ཕོ་གསར་ཞིག་དང་ཨ་མ་ལགས་ཤིག་གིས་ང་ལ་གཡབ་མོ་བྱས་ཏེ་ཤོག་ཟེར། ཁོང་གཉིས་ནི་ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོའོ་ཡི་གནམ་ཐང་ནས་ང་དང་ཐུག་པ་ཞིག་ཡིན། ཁོང་གཉིས་ཀྱིས་བཤད་པ་ལྟར་ན། ཁོང་གཉིས་ན་ཐར་ལནྜིར་གཉེན་འཕྲད་དུ་སོང་ནས་ཨུ་རུ་སུ་བརྒྱུད་རྒྱ་གར་དུ་ལོག་འཆར་ལྟར། ཨུ་རུ་སུར་གནམ་གྲུ་བརྗེ་དགོས་ཀྱང་། ན་ཐར་ལཎྜི་ནས་ཨུ་རུ་སུར་ཡོང་མཁན་གྱི་གནམ་གྲུ་དེ་སླེབས་ཕྱི་བས། རྒྱ་གར་དུ་འགྲོ་བའི་གནམ་གྲུ་རྗེས་མ་ཟིན། དེར་བརྟེན་ཨུ་རུ་སུའི་གནམ་ཐང་དུ་མཚན་གཅིག་སྡོད་དགོས་བྱུང་འདུག །འོན་ཀྱང་བུ་དེས་དབྱིན་སྐད་ཡག་པོ་ཤེས་པས་རྩོད་གླེང་བྱས་ཏེ། སྡོད་གནས་མགྲོན་ཁང་དང་ཟ་མ་ཡག་་པོ་རག་བྱུང་ཟེར།

ང་ཚོས་ཅ་དངོས་བླངས་ཚར་རྗེས། ཁོང་གཉིས་ཀྱིས་ཁྱེད་རང་གང་དུ་འགྲོ་མཁན་ཡིན་ནམ་ཟེར། ངས་ང་ལྡི་ལི་བསམ་ཡས་གླིང་དུ་འགྲོ་དགོས་ཀྱང་། ད་ལྟ་མཚན་གྱི་ཆུ་ཚོད་ ༤ པ་ཡོལ་ཙམ་ཡིན་པས། ནམ་མ་ལངས་བར་གནམ་ཐང་རང་དུ་སྡོད་ཀྱི་ཡིན། དེ་ནས་འགྲོ་གི་ཡིན་བརྗོད་པར། ཁོང་གཉིས་ཀྱིས་ངེད་གཉིས་ལེན་མཁན་གྱི་སྣུམ་འཁོར་ཞིག་ཕྱི་ལ་ཡོད་པས་མཉམ་དུ་ཤོག་ཟེར། ངས་ཁྱེད་གཉིས་ཀྱི་སྣུམ་འཁོར་ནང་ཏན་ཏན་ཤོང་གི་རེད་དམ། ཤོང་ས་མེད་ན་གནམ་ཐང་གི་ནང་ལ་གྲང་གློག་ཡོད་པར་མ་ཟད་ཉེན་ཁ་ཡང་མེད་པས་འདིར་ནམ་མ་གསལ་བར་སྒུག་གི་ཡིན་ཞེས་ནན་བཤད་བྱས་པར། ཕོ་གསར་དེས་ཏན་ཏན་ཤོང་གི་རེད། དཀའ་ངལ་ཡོད་མ་རེད་ཟེར།

འོན་ཀྱང་ང་ཚོ་གནམ་ཐང་གི་ཕྱི་ལ་སླེབས་དུས། ཁོང་ཚོའི་སྣུམ་འཁོར་དེ་ནི་ཁ་ལོ་པ་ཚུད་པའི་མི་བཞི་ལས་མི་ཤོང་བ་དེ་འདྲ་ཞིག་ཡིན་པ་ཤེས། དེའི་ནང་ཁོང་མ་བུ་གཉིས་དང་། ཁོང་གཉིས་བསུ་མཁན། ཁ་ལོ་པ་བཅས་བསྡད་ན་རྐུབ་སྟེགས་ཚང་མ་ཁེངས་འགྲོ་བས། མ་བུ་གཉིས་དེ་ཤིན་ཏུ་འཚེར་བའི་ངང་ང་ལ་བལྟས་ཏེ། དགོངས་དག་ཅེས་ཡང་ཡང་ཟེར། ངས་གང་ཡང་བྱེད་ཀྱི་མ་རེད། ང་ནམ་མ་ལངས་བར་མུ་མཐུད་གནམ་ཐང་དུ་སྡོད་ཀྱི་ཡིན་ཞེས་སྨྲས་པར་མ་ཟད། ཁོང་ཅག་བློ་བདེ་པོ་ཡོང་ཆེད་དཀའ་ངལ་ཅི་ཡང་མེད་པའི་ཚུལ་བསྟན། འོན་ཀྱང་ཁོང་ཚོ་སོང་ཟིན་པ་དང་རང་གི་གནས་སྟངས་ལ་བསམ་བློ་མ་བཏང་ཀ་མེད་རེད།

ད་ལྟ་གྲང་གློག་གི་མཐུན་རྐྱེན་ཡོད་པའི་གནམ་ཐང་ནང་དུ་བསྐྱར་འཛུལ་བྱེད་ཐབས་མེད་ཅིང་། ཕྱི་ལ་ཚད་པ་ཧ་ཅང་ཆེ་ལ་རྒྱུན་རིང་བསྡད་ན་བརྟན་པོ་ཡང་མིན་པས། འགྲུལ་སྐྱེལ་སྣུམ་འཁོར་ནང་འགྲོ་རྒྱུར་ཐག་བཅད། ང་རང་གནམ་ཐང་དུ་ལན་མང་སོང་སྟབས། མཚན་མོ་ས་འོག་མེ་འཁོར་རམ་འགྲུལ་སྐྱེལ་སྣུམ་འཁོར་ནང་སོང་ན་རིན་གོང་དང་ཉེན་ཁ་གཉིས་ཀ་ཆུང་བ་ཤེས་ཀྱི་ཡོད། འོན་ཀྱང་ངའི་ཅ་དངོས་ནང་རྒུན་ཆང་སྤུས་ལེགས་ཁ་ཤས་ཡོད་(ཨ་རིར་དྲག་སྤྱོད་པས་གཏོར་རྒོལ་བྱས་རྗེས། རྒྱ་གར་ལྡི་ལིའི་མེ་འཁོར་ནང་བརླན་གཤེར་གྱི་རིགས་འཁྱེར་མི་ཆོག་པ་བཟོས་ཡོད།)སྟབས་ས་འོག་མེ་འཁོར་ནང་སོང་ན། ཞིབ་བཤེར་ས་ཚིགས་ནས་དཀའ་ངལ་འཕྲད་ངེས་ཡིན་ཞིང་། དེ་ལས་འགྲུལ་འཁོར་ནང་སོང་ན་ཡག་ཤོས་རེད། གང་ཡིན་ཟེར་ན། གཅིག་ནས་གནམ་ཐང་ནས་བསམ་ཡས་གླིང་གི་ཉེ་འགྲམ་བར་གྲང་གློག་ཅན་གྱི་འགྲུལ་འཁོར་ཡོད་པ་དང་། གཉིས་ནས་འགྲུལ་འཁོར་ནང་སོང་ན། བསམ་ཡས་གླིང་ལ་སླེབས་དུས་ཏག་ཏག་ནམ་གསལ་ངེས་རེད།

ངས་འགྲུལ་འཁོར་ནང་རང་ཉིད་ཀྱི་སྒམ་དང་ལག་སྒམ་བརྟན་པོར་བཞག་རྗེས་རྐུབ་སྟེགས་ཡག་ཤོས་ཤིག་བདམས་ཏེ། དཔེ་དེབ་ཀློག་ནས་བསྡད་ཅིང་། ཆུ་ཚོད་ཕྱེད་ཀ་ལྷག་བསྡད་རྗེས་འགྲུལ་འཁོར་འགྲོ་འགོ་ཚུགས། འགྲུལ་འཁོར་ནང་དུ་མི་མང་པོ་མེད་ཀྱང་། བཅུ་གྲངས་ཡོད་པ་དེ་ཚོའི་ཁྲོད་ང་དང་གནམ་གྲུ་གཅིག་པ་ཡིན་པའི་རྒྱ་གར་བ་ཁ་ཤས་་ཀྱང་འདུག །འགྲུལ་འཁོར་གྱི་ནང་དུ། སྣང་ཤེལ་གྱི་ངོས་སུ་འགྲུལ་པ་སྤྱི་དང་བྱེ་བྲག་སློབ་ཕྲུག །ཡང་སྒོས་བུད་མེད་ལ་དཀའ་ངལ་དང་ཉེན་ཁ་འཕྲད་ཚེ་ཉེན་སྐྱོབས་ཀྱི་ཁ་པར་གང་དང་གང་དུ་གཏོང་དགོས་མིན་གྱི་གསལ་བསྒྲགས་ཤིག་བར་མཚམས་མེད་པར་འཆར་བཞིན་འདུག་ཅིང་། དེ་ནི་ཉེ་སྔོན་ལྡི་ལིར་བཙན་གཡེམ་གྱི་དོན་རྐྱེན་ཡ་ང་བ་དེ་བྱུང་རྗེས་ཀྱི་འཕོ་འགྱུར་གསར་ཤོས་ཤིག་ཡིན་པ་འདྲ།

འགྲུལ་འཁོར་དེའི་ནང་སྐར་མ་ ༢༠ ཙམ་སོང་རྗེས་དྲོད་ཚད་ཇེ་མཐོར་སོང་སྟེ་འགྲུལ་པ་ཚང་མའི་ངོ་ནས་རྔུལ་ཆུ་ཐོན་བཞིན་འདུག་ཀྱང་གཞན་དག་གིས་གང་ཡང་མ་བཤད། འོན་ཀྱང་རྒྱ་གར་གྱི་གཞོན་ནུ་ཞིག་སྡུག་རུས་མ་ཐུབ་པར། ཁ་ལོ་པར། གྲང་གློག་བསད་དོན་ཅི་ཡིན་པ་དང་། འགྲུལ་འཁོར་འགྲོ་ཚད་དལ་དོན་ཅི་རེད་ཅེས་ནན་འདྲི་བྱས། འོན་ཀྱང་ཁ་ལོ་པས། དང་པོ་གྲང་གློག་གི་ཚོད་འཛིན་ནི་ཕྱི་རོལ་གྱི་ལས་ཁུངས་ཤིག་ནས་བྱེད་པ་ལས་ཁོ་ལ་དབང་ཆ་མེད་ཁུལ་དང་། འགྲུལ་འཁོར་གྱི་མྱུར་ཚད་ནི་ ༤༠ རེད་ཟེར། དེ་ལ་གཞོན་ནུ་དེས། ང་ཚོས་ཧིན་སྒོར་ ༡༠༠ སྤྲད་དེ། མིང་ལ་གྲང་གློག་ཅན་གྱི་འགྲུལ་འཁོར་ཞེས་བཏགས་ཀྱང་། དོན་དུ་སྒེའུ་ཁུང་ཀྱང་ཕྱེ་ས་མེད་ཅིང་གྲང་གློག་ཀྱང་མེད་པའི་ལྕགས་ཀྱི་བཙོན་ཁང་དལ་བུར་འགྲོ་མཁན་འདིའི་ནང་འཇུག་རོགས་གནང་ཞེས་བཤད་མེད། ཁྱེད་རང་གི་གོང་རིམ་སུ་ཡིན་དེའི་ཁ་པར་ཨང་གྲངས་འཁྱེར་ཤོག །དེ་ལ་སྐད་ཆ་བཤད་ཀྱི་ཡིན་ཞེས་བཤད་ཅིང་། སྐད་ཆ་དེ་གོ་བ་དང་འགྲུལ་པ་གཞན་དག་ཚོས་ཀྱང་། ད་གཟོད་རང་ཉིད་དངོས་གནས་སྒེའུ་ཁུང་ཕྱེ་རྒྱུ་མེད་པའི་ལྕགས་མཁར་ཞིག་གི་ནང་བཅུག་ཡོད་པ་ཚོར་བ་ལྟ་བུས་མཉམ་དུ་སྐད་ཅོར་བརྒྱབ་པས། ཁ་ལོ་པ་ཡང་ཅི་བྱེད་འདི་བྱེད་མེད་པར་དེ་མུར་གྲང་གློག་ཡང་བསྐྱར་བཏང་སོང་བས། ང་ནི་དེང་སང་རྒྱ་གར་ནང་གི་གཞོན་ནུ་ཚོས་ཐད་ཀ་ཐད་ཀར་རྩོད་གླེང་བྱེད་ཕོད་པའི་སྙིང་སྟོབས་ལ་ཡིད་མོས་ཆེན་པོ་བྱུང་།

འགྲུལ་འཁོར་དེའི་བབས་ཚུགས་ཐ་མ་ཀ་ཤི་སྨྲིར་རྒྱལ་སྒོ་(Kashmiri Gate)ཡིན་ཞིང་། དེར་སླེབས་དུས་ནམ་གསལ་ཟིན་པས། དེ་ནས་ངས་འཁོར་གསུམ་འཁོར་ལོ་ཞིག་གླས་ཏེ་བསམ་ཡས་གླིང་དུ་སོང་ནས་མགྲོན་ཁང་ཞིག་གླས། དེ་རྗེས་ཇ་ཞིག་འཐུང་བར་སོང་བས། དེར་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་སྐུ་ཞབས་ངོ་ཤེས་ཀྱང་མིང་མི་དྲན་པ་ཞིག་དང་མཇལ། དེ་ནི་ང་ལ་རྒྱུན་ལྡན་རེད། ཐ་ན་ད་ལྟའང་སྐུ་ཞབས་དེའི་མིང་ངོ་མར་ག་རེ་ཟེར་མིན་ངས་མི་དྲན། མཉམ་དུ་ཇ་བཏུང་སྟེ་གླེང་མོལ་བྱས་པས། ཁོང་དོ་དགོང་ན་ནི་ཏལ་(Nainital)གྱི་བོད་མིའི་སྡོད་སྒར་དུ་འགྲོ་མཁན་ཡིན་པས་ད་ལྟ་མགྲོན་ཁང་གླ་དགོས་མིན་ཐེ་ཚོམ་ངང་ཡོད་ཟེར། ངས་དེ་ལྟར་ན་ཁྱེད་རང་མགྲོན་ཁང་གླ་མི་དགོས། ང་ལ་ཁང་མིག་གཅིག་ཡོད། དེར་ཉལ་ཁྲི་གཉིས་འདུག་པས་ངལ་གསོ་བར་ཕེབས་ཞེས་ཞུས་པ་ལྟར་ངེད་གཉིས་དེར་སོང་ནས་ཆུ་ཚོད་གཉིས་ལྷག་རིང་ཉལ་སྟེ་ངལ་གསོ་བྱས།

ཞོགས་པ་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་ང་དགོང་མོ་རྡ་སར་འགྲོ་མཁན་གྱི་འགྲུལ་འཁོར་འཛིན་བྱང་ཉོ་བར་སོང་ཡང་། སང་ཉིན་ནས་བོད་པའི་སློབ་གྲྭ་ཁག་གུང་གསེང་ཡིན་པས། དོ་དགོང་ཕྲུ་གུ་བསུ་མཁན་གྱི་ཕ་མ་མང་པོ་རྡ་སར་ཐོན་གྱི་ཡོད་སྟབས། འགྲུལ་འཁོར་ཡོངས་རྫོགས་ཀྱི་འཛིན་བྱང་བཙོང་ཚར་འདུག །ཐ་མ་འགྲུལ་འཁོར་འཕར་མ་ཞིག་གཏོང་རྒྱུ་དང་དེར་རྐུབ་སྟེགས་རེར་ཧིན་སྒོར་ ༡༢༠༠ ཡིན་ཟེར་བས། རང་ཉིད་ལ་དོ་དགོང་བསྡད་ཆོག་པའི་མགྲོན་ཁང་ཡོད་རུང་ལྡི་ལིའི་ཚ་དྲོད་ཀྱི་ནང་དུ་ཞག་སྡོད་བྱེད་པ་ལས་དོ་དགོང་ལམ་སང་སོང་ན། སང་ཉིན་རྡ་སར་སླེབས་ཐུབ་པར་མ་ཟད། རང་གི་གཅེས་པའི་བཟའ་མི་བུ་ཕྲུག་དང་ཐུག་གི་རེད་དྲན་ནས་འཛིན་བྱང་གཅིག་ཉོས།

ས་འོག་མེ་འཁོར།
དེ་འཕྲལ་དེ་རིང་ལས་ཀ་གལ་ཆེ་བ་གང་ཞིག་བྱེད་དགོས་མིན་བསམ་གཞིགས་བྱེད་སྐབས། ངའི་གྲོགས་པོ་ཆབ་བྲག་ལྷ་མོ་སྐྱབས་ཀྱི་ལག་དེབ་སེར་པོ་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ། དུས་འགྱངས་ཞུ་ཆེད་བཞག་ཡོད་པ་དེ་ལེན་རོགས་ཞེས་མངགས་ཆ་གནང་བྱུང་བ་དྲན་ཏེ། ལམ་སང་དེ་ལེན་པར་འགྲོ་རྒྱུར་ཐག་བཅད། དེ་ཡང་མ་སོང་གོང་ཏན་ཏན་བཟོས་ན་ཡག་གི་རེད་དྲན་ནས། གྲོགས་པོ་ཚེ་དབང་དངོས་གྲུབ་ལགས་ལ་དོན་གཅོད་ཁང་གི་ཁ་པར་ཨང་གྲངས་ཡོད་ན། འབྲེལ་བ་ཞིག་གནང་སྟེ་ལག་དེབ་དེ་ལེན་ཆོག་ཆོག་ཡིན་མིན་སྐད་ཆ་འདྲི་རོགས་ཞེས་ཁ་པར་ཐོག་ནས་མངགས་ཆ་བྱས། སྐར་མ་བཅུ་གྲངས་ནང་ཁོང་གིས་ང་ལ་ཚུར་ཁ་པར་བཏང་སྟེ་ལག་དེབ་དེ་ལེན་ཆོག་ཆོག་རེད་འདུག་ཟེར་བས། ལམ་སང་མགྲོན་ཁང་གི་ལྡེ་མིག་གནས་ཆུང་གི་སྐུ་ཞབས་མིང་མི་དྲན་པ་དེར་བཞག་སྟེ། ང་རང་ལྡི་ལི་དོན་གཅོད་དུ་ས་འོག་མེ་འཁོར་ནང་སོང་།

ས་འོག་མེ་འཁོར་གྱི་འཁོར་སྒྲོམ་གཅིག་པའི་ནང་བོད་མི་ཕོ་གཞོན་ཞིག་དང་། ཁོང་ལས་ལོ་ན་ཅུང་རྒན་པ་ཞིག་བཅས་གཉིས་འདུག་པར། ངས་འཚམས་འདྲི་བྱས་པས་ཁོང་གཉིས་གིས་ཀྱང་ཧ་ཅང་དགའ་པོ་བྱུང་བའི་ཚུལ་བསྟན་ཏེ་ང་དང་གླེང་མོལ་བྱས། ཁོང་གཉིས་ལས་རྒན་པ་དེ་ནི་རྡ་ས་བོད་ཁྱིམ་གྱི་སློབ་ཕྲུག་ནད་པར་ལྟ་སྐྱོང་དང་རོགས་མགོན་བྱེད་མཁན་རེད་འདུག །གཞོན་པ་དེ་ནི་སློབ་ཕྲུག་ཡིན་རུང་། ཟླ་ཤས་སྔོན་ཐོག་བརྩེགས་བཞིའི་སྒང་ནས་མར་འོག་ལ་ལྷུང་བར་བརྟེན། རྨས་སྐྱོན་ཚབས་ཆེན་འཕོག་སྟེ་ཅན་རྡི་སྒར་སྨན་ཁང་དུ་སྨན་བཅོས་ཡུན་རིང་བྱས་རྗེས་ད་ཆ་ལྡི་ལིར་ཀླད་པར་སྐྱོན་ཆ་བྱུང་ཡོད་མེད་བརྟག་དཔྱད་བྱེད་པར་ཡོང་བ་ཡིན་འདུག །ཕར་བལྟས་ཚོད་ལ་མིག་གཡས་པའི་སྒང་དེར་རྨ་ཤུལ་ཕྲན་བུ་ཞིག་ལས་གང་ཡང་མི་འདུག་པས། ཐོག་བརྩེགས་བཞིའི་སྒང་ནས་ལྷུང་པ་རེད་ཟེར་ན་ཡིད་མི་ཆེས་པ་ལྟ་བུ་ཞིག་འདུག་ཅིང་། ཁོ་རང་གཉིས་ཀྱིས་ཀྱང་། ཐོག་བརྩེགས་བཞིའི་སྒང་ནས་ལྷུང་མ་ཐག་གི་གནས་སྟངས་ལ་གཞིགས་ན། ད་ལྟའི་འདི་ལྟ་བུའི་དྲག་སྐྱེད་ཡོང་གི་རེད་བསམས་བསམས་རྩ་བ་ནས་མེད་ཟེར།

དོན་གཅོད་ཁང་ནས་ངའི་གྲོགས་པོའི་ལག་དེབ་དེ་བླངས་ནས་ཡར་བསྐྱར་ཚུར་ལམ་ས་འོག་མེ་འཁོར་ནང་ཡོང་ཞིང་། མེ་འཁོར་ནང་གང་ཙམ་སོང་རྗེས་ངའི་མདུན་དུ་རྒྱ་གར་བ་ཕོ་གསར་གཟུགས་པོ་རིང་པོ་ཞིག་འདུག་པ་དེར། ཕོ་གསར་གཟུགས་དེ་ལས་ཐུང་བ་ཞིག་གློ་བུར་དུ་ཡོང་སྟེ་ཁུ་ཚུར་དང་རྡོག་རྡོས་གང་བྱུང་དུ་གཞུས་ཏེ་ཉེས་རྡུང་དྲག་པོ་བཏང་སོང་ཡང་སུ་གཅིག་གིས་བཀག་འགོག་བྱེད་ཀྱི་མི་འདུག །ཕོ་གསར་གཟུགས་རིང་དེར་ཉེས་རྡུང་དེ་ཙམ་བཏང་ཡང་གནོངས་རང་ཁུར་ལྟ་བུས་ཕར་ཕར་བྱོལ་འགྲོ་བ་ལས་ཡ་ལན་རྩ་བ་ནས་སློག་གི་མི་འདུག་པས། ང་རང་སེམས་ཀྱིས་མ་བཟོད་པར་ཉེས་རྡུང་གཏོང་མཁན་ཕོ་གསར་དེར། དེ་འདྲ་མ་བྱེད་ཅེས་བཀག་འགོག་བྱས་ཤིང་། བཀག་འགོག་བྱེད་དུས་ཁོ་རང་ཡང་འདོད་པ་ཚིམ་པ་ལྟ་བུས་ངར་ངར་ཤོར་ཤོར་གང་ཡང་བྱས་མ་བྱུང་། ཡུད་ཙམ་སོང་རྗེས་ངས་ཁོང་ལ། མི་དེར་ཉེས་རྡུང་གཏོང་དོན་ག་རེ་ཡིན་མིན་དྲིས་པས། ཉེས་རྡུང་གཏོང་ས་དེ་ཁོ་རང་གི་སྤུན་ཉེ་ཞིག་ཡིན་པ་དང་། ད་ལྟ་བུ་ཞིག་དང་དགའ་པོ་བྱས་ཏེ་ཁོང་ཚོའི་ཞབས་འདྲེན་ཞུ་གི་འདུག་ཅེས་ཟེར་བས། རྒྱུ་མཚན་དེ་ཙམ་ལ་བརྟེན་ནས་མི་མང་པོའི་དཀྱིལ་དུ་ཉེས་རྡུང་བཏང་བ་དེར་ང་རང་ཧང་སངས།

མ་གཞི་བུ་དང་བུ་དགའ་པོ་བྱེད་པ་དང་། བུ་མོ་དང་བུ་མོ་དགའ་པོ་བྱེད་པའི་གནས་ཚུལ་དེ་དང་པོ་མཐོང་དུས་ང་རང་གི་སེམས་ལའང་དེ་རྒྱུན་ལྡན་དང་ཚུལ་ལྡན་གཉིས་ཀ་མིན་པའི་མཐོང་ཚུལ་ཡོད་ཀྱང་། གནའ་བོའི་གྷི་རིག་ཏུ་དགེ་སློབ་བུ་གཉིས་ཕན་ཚུན་དགའ་བརྩེ་བྱེད་པ་དང་། དེང་སང་ནུབ་ཕྱོགས་སུ་ཁྲིམས་ཐོག་ནས་མཚན་མཐུན་གཉེན་སྒྲིག་བྱས་ཆོག་པའི་ཁྲིམས་སྲོལ་གཏན་འབེབས་བྱེད་པ་ཚུན་ནས་མིག་མཐོང་བྱུང་སྟབས། རྒྱ་གར་བ་དེར་ཡང་། གནས་ཚུལ་དེ་ཙམ་ལ་བརྟེན་ནས་རང་ཉིད་དེ་འདྲའི་ངོ་ཚ་བ་དང་། རང་གི་སྤུན་ཉེར་རྡུང་རྡེག་དེ་འདྲའི་ཚབས་ཆེན་པོ་གཏོང་དགོས་དོན་མེད་ཚུལ་ཅུང་ཙམ་བཤད་མོད། ཁོས་ཉན་འཇོག་བྱ་རྒྱུ་ལྟ་ཅི་དེ་ལས་མང་བ་ཞིག་བཤད་ཡོང་མུར། ང་རང་མེ་འཁོར་བརྗེ་མཚམས་སུ་སླེབས་པས་ཁོ་ལ་ཉན་མཚམས་མ་གཞག་ཀ་མེད་རེད་ལ། མུ་མཐུད་ཉན་འདོད་ཀྱང་མ་མཆིས།།

མགྲོན་ཁང་།
ང་རང་ངལ་དུབ་དང་ཚ་བས་མནར་ཏེ་མགྲོན་ཁང་དུ་སླེབས་དུས། སྔ་དྲོ་མགྲོན་ཁང་དུ་མཉམ་སྡོད་བྱེད་པར་བོས་པའི་སྐུ་ཞབས་དེ་མགྲོན་ཁང་ནང་བཞུགས་མི་འདུག །འོན་ཀྱང་ད་ནངས་ཐོན་ཁར་ངས་ཁོང་གི་ཁ་པར་ཨང་གྲངས་བླངས་ཡོད་པ་དྲན་ཏེ། ལམ་སང་ཁ་པར་བཏང་སྟེ་མགྲོན་ཁང་གི་ལྡེ་མིག་སྤྲོད་རོགས་བརྗོད་བསམས་ཀྱང་། མགྲོན་ཁང་གི་ཕྱོགས་དེར་ཁ་པར་གྱི་བརྡ་རྟགས་གསལ་པོ་ཡོང་གི་མི་འདུག་པས། ཕྱིའི་བར་ཁྱམས་སུ་ཐོན་ཏེ་ཁོང་ལ་ཁ་པར་གཏོང་ཁར་ཏག་ཏག་ཁོང་གིས་ཚུར་ཁ་པར་བཏང་སྟེ་ད་ནངས་ཞོགས་ཇ་འཐུང་སའི་ཟ་ཁང་དེ་རང་ལ་ཉིན་གུང་གི་ཁ་ལག་བཟའ་བར་ཤོག་ཟེར། ངས་ད་ལྟ་རང་ཉིད་ངལ་ཞིང་དུབ་ཐོག །གཟུགས་པོ་ཡང་བཀྲུ་དགོས་པས། སྔོན་ལ་ང་ལ་ལྡེ་མིག་གནང་རོགས་བརྗོད་ཅིང་། བརྗོད་པ་ལྟར་སྐར་མ་ཁ་ཤས་ནང་ཁོང་ཡོང་སྟེ་ང་ལ་མགྲོན་ཁང་གི་ལྡེ་མིག་རྩིས་སྤྲད། ངས་གཟུགས་པོ་བཀྲུས་ཤིང་ངལ་གསོ་བྱེད་ཞོར་ལམ་བར་ནས་ཉོས་པའི་ཤིང་ཏོག་གི་ཉིང་ཁུ་ལྷད་མེད་ཡིད་ཚིམ་པ་ཞིག་བཏུང་། དེ་དུས་ཉིན་གུང་ཡོལ་ཟིན་རུང་གྲོད་ཁོག་མ་ལྟོགས་པས། གློག་ཀླད་འཁྱེར་ཏེ་ཉེ་འགྲམ་གྱི་འཚིག་ཇ་འཐུང་ས་ཞིག་ཏུ་སོང་།

འཚིག་ཇ་འཐུང་ས་འདིར་གྲང་གློག་གི་མཐུན་རྐྱེན་ཡོད་པར་མ་ཟད། སྐུད་མེད་དྲ་རྒྱ་ཡང་ཆུ་ཚོད་གཅིག་རིང་རིན་མེད་དུ་ཐོབ་ཀྱི་ཡོད་པས། ངས་མངར་ཟས་ཤིག་མངགས་ཏེ་དེ་བཟའ་ཞོར། གློག་འཕྲིན་བསྔོགས་ཏེ་ལམ་སང་ལན་འདེབས་དགོས་པ་རྣམས་ལ་ལན་མདོར་བསྡུས་རེ་ཕུལ་བར་མ་ཟད། གྲོགས་ནང་མ་ཁག་ལ་རང་ཉིད་ལྡི་ལིར་བདེ་འབྱོར་བྱུང་ཡོད་པའི་འཕྲིན་ཡིག་རེ་ཡང་བཏང་།

དེ་ནས་ཕྱིར་ཐོན་དུས། བཟའ་ཟླའི་ཁ་པར་འབྱོར་ཞིང་། ལྡི་ལི་ནས་དགོས་མཁོའི་དངོས་རིགས་ཡོད་མེད་འདྲི་སྐབས། ཕྲུ་གུ་གཉིས་ཀྱི་ཆེད་དུ། ཉི་ཧོང་ནས་བཟོས་པའི་ཤིང་ཏོག་སྣ་མང་གི་དཀག་ཆེ་བ་དེ་འདྲ་ཁ་ཤས་ཉོས་ཡོང་རོགས་ཟེར་བས། ལམ་སེང་བསམ་ཡས་གླིང་གི་ཁ་སྤྲོད་དུ་ཆགས་པའི་པན་ཇབ་ཁྲོམ་རར་ཉོ་བར་སོང་། ཚོང་ཁང་གི་ཉེ་འགྲམ་དུ་སླེབས་དུས། མིག་གི་ལྟ་ཕྱོགས་ཤིག་ལ། སོག་རྫོང་བཀྲ་ཤིས་རྒྱལ་པོ་འདྲ་པོ་ཞིག་མདུན་ཕྱོགས་ནས་ཡོང་གི་ཡོད་པ་རིག་ཀྱང་། ཁོང་གིས་ང་མ་མཐོང་བ་འདྲ། འོན་ཀྱང་ངས། བཀྲ་ཤིས་རྒྱལ་པོ་ལགས། ཞེས་བོས་པས། ད་གཟོད་ཁོང་གཉིད་ལས་སད་པ་ལྟར། འོ་ཙི། ཁྱེད་རང་རེད་འདུག་ག །ཨ་ར་བཞག་སྟབས་ངོ་ཤེས་མ་བྱུང་ཟེར། ཁོང་གི་སྐད་ཆ་དེ་གོ་བ་དང་ད་ནངས་གནམ་ཐང་གི་གནས་ཚུལ་དེ་དྲན་པས་ང་རང་དགོད་ཤོར།

ཕྲུ་གུས་དགའ་པོ་བྱེད་པའི་རྔན་པ་དེ་ཚོ་ཉོས་ཚར་རྗེས་ངེད་གཉིས་ཐོག་མར་མཉམ་དུ་ཤིང་ཏོག་གི་ཁུ་བ་བཏུང་ཞིང་། དེ་ནས་ཟ་ཁང་ཞིག་ཏུ་སོང་ནས་ངས་ཤ་མོག་མོག་དང་། ཁོང་གིས་ཚལ་མོག་མོག་བཟའ་ཞོར། བཙན་བྱོལ་གྱི་ཆབ་སྲིད་དང་། རྩོམ་རིག །སྙན་ངག །རང་རང་གི་ལས་ཀའི་འཆར་གཞི་བཅས་ཀྱི་སྐོར་བཤད་རེས་བྱས་ཤིང་། གོ་དོན་ངེས་མེད་ཀྱི་སྙན་ངག་གི་ཐད་ལ་ངེད་གཉིས་བསམ་ཚུལ་མི་མཐུན་པ་འདུག་ཀྱང་། ཆུ་ཚོད་ལྔ་པ་ཡོལ་ཟིན་སྟབས། ད་ནི་ཐོན་རྩིས་བྱས་ན་ཡག་གི་རེད་དྲན་ཏེ། ཁོང་ལ་དེ་ཚོའི་ཐད་ངེད་གཉིས་ལྟ་ཚུལ་མི་མཐུན་པ་ཡོད་ཀྱང་། ད་ལྟ་དུས་ཚོད་མེད་པས་རྗེས་སུ་རྩོད་བཤད་ཞུས་ཆོག་པ་ཞེས་ཞུས།

སོག་རྫོང་བཀྲ་ཤིས་རྒྱལ་པོ་ནི། ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བའི་གྲྭ་གཞོན་མཁྱེན་སྤྱན་རབ་ཏུ་ཡངས་པ་ཞིག་ཡིན་ཞིང་། ལོ་ངོ་བཞི་ལྔའི་གོང་“རིག་རླབས་”རྩོམ་སྒྲིག་ཚོགས་ཆུང་གིས་ཝ་ཎར་རིག་གཞུང་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བའི་ཁོངས་སུ། ཕྲན་རང་གཏམ་བཤད་བྱེད་པར་མགྲོན་འབོད་གནང་བ་ལྟར་བཅར་སྐབས། ཁོང་གོ་སྒྲིག་པ་གཙོ་བོའི་ཁོངས་ཡིན་སྟབས་དེ་ནས་བཟུང་ངོ་ཤེས་ཏེ་འབྲེལ་བ་མ་ཆད་པར་ཡོད། ཁོང་གི་ཁ་རི་ཁ་ཐུག་གི་གཤིས་ཀ་དང་། སྙན་རོ་ཕུན་སུམ་ཚོགས་པའི་ཚིག་བཅད་སྙན་ངག་ལ་ཕྲན་རང་དགའ་པོ་ཡོད།

སྐུ་ཞབས་བཀྲ་ཤིས་རྒྱལ་པོས་ང་རང་འགྲུལ་འཁོར་བབས་ཚུགས་བར་བསྐྱལ་ཆོག་ཟེར་བས། ངེད་གཉིས་མཉམ་དུ་མགྲོན་ཁང་དུ་འགྲོ་སྐབས། མགྲོན་ཁང་ནང་། གནས་ཆུང་སྐུ་ཞབས་དེ་དང་། ཁོང་ན་ནི་ཏལ་དུ་བསུ་བར་ཡོང་བའི་བུ་མོ་ལོ་གཞོན་ཞིག་ཀྱང་འདུག་ཅིང་། ཁོང་གཉིས་དོ་ནུབ་ཆུ་ཚོད་བརྒྱད་པར་འགྲུལ་འཁོར་ནང་ཐོན་གྱི་ཡིན་ཟེར། མགྲོན་ཁང་ནང་དེ་རིང་ཉོས་པའི་ཅ་དངོས་རྣམས་སྒམ་སོ་སོའི་ནང་བླུགས་རྗེས། ད་དུང་ཆུ་ཚོད་ཕྱེད་ཀ་ལྷག་འདུག་པས། དོན་མེད་དུ་སྡོད་པ་ལས་གནས་ཚུལ་ཁ་ཤས་རྒྱུས་ལོན་ཐུབ་ཐབས་བྱས་ན་ཡག་གི་རེད་སྙམ་སྟེ། བུ་མོ་ལོ་གཞོན་དེའི་གནས་ཚུལ་ཁ་ཤས་དྲིས། བུ་མོ་དེས་བཤད་པ་ལྟར་ན། ཁོང་ན་ནི་ཏལ་ནས་ཡིན་ཞིང་འཛིན་རིམ་བཅུ་གཉིས་པ་ཐོན་རྗེས། ལྡི་ལི་ནས་སྨན་ཞབས་ཀྱི་སློབ་སྦྱོང་ལེགས་པར་བྱས་ཀྱང་། ཁྱིམ་ཚང་དུ་དཀའ་ངལ་འཕྲད་སྟབས། ན་ནི་ཏལ་དུ་ལོག་སྟེ་ད་ལྟ་ཚོང་རྒྱག་གི་ཡོད་འདུག །

ན་ནི་ཏལ་གྱི་བོད་མི་དེ་དག་ཁུལ་དེར་ཐོག་མར་ཇི་ལྟར་སླེབས་མིན་ཁོང་ལ་བཤད་རྒྱུ་མི་འདུག་ཀྱང་། འབྲུག་རྒྱལ་པོའི་ཟུར་མོ་ཨ་ཤེ་གཡང་སྐྱིད་ཀྱིས་དེ་ཁུལ་ནས་ཉོས་པའི་ཁང་ཁུངས་བོད་མིར་ཁང་གླ་དམའ་པོར་གཡར་པ་ལྟར། བོད་རིགས་ཁྱིམ་ཚང་སུམ་ཅུ་སྐོར་ཞིག་དེ་ཁུལ་ཚོང་ལས་གཉེར་ནས་བསྡད་ཡོད་འདུག །ཁུལ་དེར་ཡུལ་ལྗོངས་མཛེས་ཤིང་གནམ་གཤིས་ལེགས་པས། ཡུལ་སྐོར་སྤྲོ་འཆམ་པ་དབྱར་དགུན་གཉིས་ཀར་ཡོང་གི་ཡོད་སྟབས་ཚོང་ཧ་ཅང་གིས་རྒྱུག་པོ་ཡོད་པ་མ་ཟད། ས་གནས་གཞུང་གིས་བོད་མི་ཚོར་ཚོང་ཁང་རེ་ཡང་རང་རང་གི་མིང་ཐོག་རིན་གོང་དམའ་པོར་གནང་ཡོད་ཟེར། འོན་ཀྱང་ཕ་མ་མང་ཆེ་བས་བུ་ཕྲུག་དབྱིན་ཇིའི་སློབ་གྲྭར་བཏང་སྟེ། ད་ཆ་ན་ནི་ཏལ་གྱི་བོད་སློབ་དེ་ཡོད་མ་རེད་ཟེར། ངས་ཕ་མས་བུ་ཕྲུག་དབྱིན་ཇིའི་སློབ་གྲྭར་གཏོང་དོན་ག་རེ་རེད་ཅེས་འདྲི་སྐབས། བོད་པའི་སློབ་གྲྭར་བཏང་ན། ཕྲུ་གུ་མང་ཆེ་བ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་རང་སྐྱ་མི་འཕེར་བ་ཆགས་འགྲོ་བས། དེ་ལས་དབྱིན་ཇིའི་སློབ་གྲྭར་བཏང་ན། ཉུང་མཐར་ཡང་དབྱིན་སྐད་རང་སྐྱ་འཕེར་བ་ཆགས་ཐུབ་ཀྱི་འདུག་ཟེར་བ་མ་ཟད། རྒྱུ་མཚན་གཞན་དག་ནི་ཕ་མའི་དཔལ་འབྱོར་ཡར་རྒྱས་སོང་དུས། ཕྲུ་གུ་སློབ་གྲྭ་ལེགས་གྲས་ནང་གཏོང་རྒྱུར་འགྲན་རྩོད་ལྟ་བུ་ཡང་ཡོད་རེད་ཟེར། བུ་མོ་ན་གཞོན་དེའི་བོད་ཡིག་འབྲི་ཀློག་གི་གནས་ཚད་ཅི་འདྲ་ཡོད་མི་ཤེས་ཀྱང་། བོད་སྐད་གཙང་ཞིང་རང་གི་བསམ་ཚུལ་ཧ་ཅང་གསལ་པོར་བརྗོད་ཐུབ་ཀྱི་འདུག་པས། ངས་དེ་ལ་བསྔགས་བརྗོད་བྱས། རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ནང་ཆོས་ལ་དོ་སྣང་ཆེ་བས། ༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས་སོགས་སུ་གསུང་ཆོས་ལ་དོ་སྣང་ཆེན་པོས་བཅར་མྱོང་ཡོད་འདུག །

ང་རང་ཐོན་རན་པས་སོག་རྫོང་བཀྲ་ཤིས་རྒྱལ་པོ་དང་གནས་ཆུང་སྐུ་ཞབས་དེའི་སྐྱེལ་རོགས་འོག་འགྲུལ་འཁོར་བབས་ཚུགས་སུ་ཡོང་ཞིང་། འགྲུལ་འཁོར་བབས་ཚུགས་ཟེར་ཡང་། དོན་དུ་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་ནུབ་ངོས་ལམ་འགྲམ་ཐལ་བ་ཚུབ་ཚུབ་དེར་ཡིན་པས། དེར་དུས་ཡུན་གང་ཙམ་བསྒུགས་མཐར་འགྲུལ་འཁོར་ནི་ལམ་ཁུགས་ཤིག་ཏུ་བཀག་འདུག་པ་རྩད་ཆོད་པ་དང་། སྒམ་གཉིས་དེའི་ནང་དུ་བླུགས་རྗེས་ང་སྐྱེལ་མཁན་ལ་ཐུགས་རྗེ་ཆེ་ཞེས་ཞུས་ཏེ་ནང་ལ་འཛུལ།

འགྲུལ་འཁོར།

འགྲུལ་འཁོར་ནང་འཛུལ་རྗེས་རྒྱུ་མཚན་ཅི་ཡིན་མི་ཤེས་པར་ཆུ་ཚོད་གཉིས་རིང་ཐོན་མ་ཐུབ། མཐར་ཐོན་ཡོང་སྐབས་རྒྱ་གར་ཉེན་རྟོག་པས་འགྲུལ་འཁོར་དེ་འགོག་ཐབས་བྱེད་པ་མཐོང་བས། ཁྲིམས་མཐུན་མ་ཡིན་པའི་གནས་ཚུལ་ཞིག་དང་འབྲེལ་བ་ཡོད་འདུག་དྲན། གཞན་གྱིས་བཤད་པ་ལྟར་ན། དེ་ཁུལ་འགྲུལ་འཁོར་བབས་ཚུགས་མིན་སྟབས། ས་གནས་མི་མང་གིས་ཉིན་ལྟར་འགྲུལ་འཁོར་མང་པོ་དེ་ནས་ཐོན་འགྲོ་བ་དེ་ཁྲིམས་མཐུན་མིན་ལུགས་ཞུ་གཏུགས་བྱས་ཡོད་པས། ཉེན་རྟོག་པས་མཚམས་རེ་དེར་ཡོང་སྟེ་སྣུམ་འཁོར་འགོག་ཐབས་བྱེད་ཀྱི་ཡོད་འདུག །འོན་ཀྱང་ཉེན་རྟོག་པའི་བྱེད་སྟངས་ལ་བལྟས་ན། ཕྱག་རྒྱ་ཙམ་ལས་དངོས་གནས་བརྟག་ཞིབ་ཀྱིས་འཛིན་བཟུང་བཀག་འགོག་ནན་ཏན་དུ་བྱེད་རྩིས་ཡོད་པའི་རྣམ་པ་ནི་མ་མཐོང་།

འགྲུལ་འཁོར་ནང་། ངའི་རྐུབ་སྟེགས་ཉེ་འགྲམ་དུ་ཕོ་གསར་ཞིག་འདུག་ཅིང་། འགྲུལ་འཁོར་འགྲོ་འགོ་ཚུགས་ཙམ་ནས་ཁོང་གིས་རང་ཉིད་ངོ་སྤྲོད་དང་སྦྲགས་ཏེ་གནས་ཚུལ་མང་པོ་ཞིག་དགའ་སྣང་ཆེན་པོས་བཤད། སྙིང་པོ་བསྡུས་ན། ཁོང་ནི་ཚོང་ལས་རིག་པའི་ཐད་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཐོན་ཅིང་། ད་ལྟ་ལས་མེད་ཡིན་རུང་། སང་གནངས་ནས་སྣུམ་འཁོར་གཏོང་སྟངས་སྦྱངས་ཏེ། ཉེ་སྔོན་ཁོང་དང་གཉེན་སྒྲིག་བྱས་ཤིང་། དེ་རིང་ཞོགས་པ་ཁོང་གིས་གནམ་ཐང་དུ་བསྐྱལ་བའི་བཟའ་ཟླ་བོད་རིགས་བུ་མོ་དེས། རིང་མིན་ཨོ་སི་ཊི་ལི་ཡར་ལེན་རྒྱུར་སྒུག་རྒྱུ་རེད།

དེ་མིན་ངའི་ཁ་སྤྲོད་རྐུབ་སྟེགས་ཐོག །བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གྱི་འགན་ཁུར་མཁན་གཞོན་ནུ་གཟུགས་སྟོབས་ཆེན་པོ་ཞིག་འདུག་པ་དེ་དང་གླེང་མོལ་བྱས་པ་བརྒྱུད། བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གྱི་སྤྱི་ཡོངས་གནས་སྟངས་གསལ་པོ་ཤེས་པས་ང་རང་དགའ་པོ་བྱུང་ལ། ཁོང་གིས་ངས་བསྒྱུར་བའི་སྤྱི་མཐུན་མཉམ་སྦྲེལ་གྱི་ལག་དེབ་དང་སྒྲིག་གཞི། མཉམ་སྦྲེལ་གྱི་ལྟ་གྲུབ་འཕེལ་རིམ་སྐོར་གྱི་དཔེ་དེབ་ཚང་མ་བཀླགས་ཚར་འདུག །སྒྱུར་མཁན་ང་ཡིན་པ་མཁྱེན་རྗེས་དགའ་ཚོར་གྱི་རྣམ་པ་བསྟན། གླེང་མོལ་སྤྲོ་སྣང་སྐྱེ་དགོས་པ་ཞིག་ཡིན་རུང་། ང་ཚོའི་འགྲུལ་འཁོར་དེས་ལུང་ཁུགས་མང་པོ་ཞིག་བསྐོར་ནས་སོང་བ་མ་ཟད། ལམ་ནོར་ཡང་ཤོར་ཏེ་མར་ཙམ་ལྟག་ལོག་ཀྱང་བྱེད་དགོས་བྱུང་མོད། བོད་མི་སུ་གཅིག་གིས་ཀྱང་རང་རང་གི་ས་ནས་མི་འདོད་པ་དང་མི་དགའ་བའི་སྡུག་སྐད་འདོན་པ་ཙམ་ལས། ཁ་ལོ་པ་དང་ལྟ་རྟོག་པར་ཚིག་གཅིག་རྗོད་མཁན་མི་འདུག

ཀང་རར་སླེབས་དུས་ཞོགས་པའི་ཆུ་ཚོད་བརྒྱད་པ་ཡོལ་ཟིན་པས། ད་དུང་བ་རེ་བོ་རེ་བྱེད་པ་མཐོང་བས་ང་རང་སྡུག་རུས་མ་ཐུབ་པར། ཧིན་དིའི་སྐད་དག་ལ་མ་དག་དེ་སྤྱད་དེ། ཁ་རྩོད་མ་རྒྱག་ཀ་མེད་བྱུང་ཞིང་། ངས་ཁ་རྩོད་བརྒྱབ་པ་དེར་ཁ་ལོ་པ་དང་འགྲུལ་འཁོར་ལྟ་རྟོག་པས་སྣང་མེད་ངང་། ང་ཚོར་ལན་པ་ག་རེ་ཡོད་རེད། ང་ཚོས་གང་ཐུབ་ཅི་ཐུབ་བྱས་པ་ཡིན་ཞེས་འགན་གང་ཡང་མེད་འདྲའི་ལན་བཏབ་ཡོང་བར་མ་ཟད། ད་དུང་ཚུར་རྫིག་རྫིག་འདྲ་པོ་བྱས་སྟབས། འགྲུལ་འཁོར་ནང་གི་འགྲུལ་མི་གཞན་ཚོས་ཀྱང་ང་དང་མཉམ་དུ་ཁ་རྩོད་བརྒྱབ། དེ་འཕྲལ་ཁ་ལོ་པ་དང་ལྟ་རྟོག་པ་གཉིས་ཀ་དཔའ་ཞུམ་སྟེ། འགྲུལ་འཁོར་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བས། དུས་ཐུང་ནང་དྷ་རམ་ས་ལར་སླེབས། དེ་ནི་ཕྱི་ཟླ་ ༦ པའི་ཉིན་ཐོག་མ་སྟེ་ཚེས་ ༡ རེད། འགྲུལ་འཁོར་ནས་བབས་དུས། ངས་ཁ་སང་སྟེ་ཕྱི་ཟླ་ ༥ པའི་ཉིན་ཐ་མའི་ཞོགས་པ་འགྲུལ་འཁོར་ནང་ཁ་རྩོད་རྒྱག་མཁན་གྱི་རྒྱ་གར་ཕོ་གསར་དེ་དྲན།། །།

རྩོམ་སྔ་མ།མྱོང་གླེང་། ལྔ་པ།
རྩོམ་རྗེས་མ།འཆར་སྣང་། འགྲུལ་བཞུད། བསམ་གཞིགས།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།