མདུན་ངོས། སྙན་ངག རྒྱུན་མཐོང་གི...

རྒྱུན་མཐོང་གི་སྤོབས་པ། པོ་ཏ་ལ།

༡༠༧༥༤༩༧

༄༅། །རྒྱལ་ཁབ་གསར་པ་རེར་སླེབས་དུས། པོ་ཏ་ལ་དྲན། པོ་ཏ་ལ་ནི་ངའི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན།

གྲོང་ཁྱེར་གསར་པ་རེ་མཐོང་ཐེངས་རེད། པོ་ཏ་ལ་དྲན། པོ་ཏ་ལ་ནི་ངའི་རྒྱུ་སྤུས་ཀྱི་མཐོ་མཐའ་དེ་ཡིན།

ཁང་བརྩེགས་རྫིག་པོ་རེ་རིག་དུས། པོ་ཏ་ལ་དྲན། པོ་ཏ་ལ་ནི་ངའི་བསྡུར་གཞི་ཡིན།

ཐམས་ཅད་པོ་ཏ་ལར་བསྡུར་བཞིན། ཡོངས་རྫོགས་པོ་ཏ་ལར་ཚད་བཞིན། ང་པོ་ཏ་ལ་ནས་ཐག་རིང་ཐག་རིང་དུ་གྱར།

དྲང་པོ་བཤད་ན། ངའི་སེམས་སུ། བསྡུར་མ་བསྡུར་དང་ཚད་མ་ཚད་མེད། པོ་ཏ་ལ་ཡག་ཤོས་རེད། རྫིག་ཤོས་ཡིན། དགའ་ཤོས་ཀྱང་ཡིན་ད་ཡིན།

ངའི་གྲོགས་པོ་ཞིག་གིས། པོ་ཏ་ལའི་རི་མོ་ཞིག་འབྲི་བཞིན་མཆིས། ཁོང་གིས་ཧ་ཅང་གཟབ་ནན་ངང་། པོ་ཏ་ལའི་སྒེའུ་ཁུང་ཕྱེ་བ་ཞིག་ནམ་ཡང་འབྲི་མི་རུང་ཟེར། རྒྱུ་མཚན་གང་ཡིན་མི་ཤེས། ང་རང་སྐད་ཆ་དེར་ཧ་ཅང་དགའ། ངས་དེ་མུར་དེ་ག་རང་ཡིན་པའི་བརྡ་ལ་མགོ་གུག་གུག་བྱས། སྒེའུ་ཁུང་ཕྱེ་མི་ཉན། གཏན་ནས།

ཆུང་དུས། པཱ་ལགས་ཀྱིས་ང་པོ་ཏ་ལར་ཐོག་མར་འཁྲིད། དེ་ནས་ཨ་མ་ལགས་ཀྱིས་འཁྲིད། ང་ཚོས། གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་པ་ཤོག །ཅེས་སྨོན་ལམ་བཏབ། དེ་ནི་ངས་པོ་ཏ་ལ་ནས། པོ་ཏ་ལའི་བདག་པོ་དྲན་ཚུལ་རེད།

པོ་ཏ་ལ་ནི། ཆོས་ཙམ་མ་རེད། ཆབ་སྲིད་ཀྱང་རེད།
པོ་ཏ་ལ་ནི། ཆེ་བ་ཙམ་མ་རེད། ཟབ་པ་ཡང་རེད།
པོ་ཏ་ལ་ནི། ལོ་རྒྱུས་ཙམ་མ་རེད། མདུན་སྐྱོད་ཀྱང་རེད།

གླིང་སྐོར་གྱི་རྡོ་ཕུང་ཐད་ནས། པོ་ཏ་ལར་སྨོན་ལམ་འདེབས་མཁན་ཚོའི་མིག་ནང་། སྐོར་ལམ་དུ་ཕྱག་འཚལ་མཁན་ཚོའི་ཡིད་དུ། པོ་ཏ་ལར་བཞུགས་པ་ནི་གངས་རིའི་མགོན་པོ་དང་། པོ་ཏ་ལའི་རྩེར་སྒྲེང་པ་ནི་བོད་ཀྱི་རྒྱལ་དར་རེད། དེ་ཕྱི་མིས་མཐོང་མ་མཐོང་དང་ཚོར་མ་ཚོར་ལ་ཁྱད་པར་མེད་དོ།།

དུས་ནམ་ཞིག །ངས་ཀྱང་ང་རང་གི་ཕྲུ་གུ་འཁྲིད་དེ། པོ་ཏ་ལར་མཇལ་ངེས། དེ་དུས་ངའི་པཱ་ལགས་ལྟར། ང་རང་ཕ་རྒན་ཞིག་ཡིན་པའི་ལས་འགན་གཞི་ནས་འགྲུབ་པ་རེད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།