མདུན་ངོས། སྙན་ངག མེ་ཏོག་འཆར་ཐེ...

མེ་ཏོག་འཆར་ཐེངས་མང་ན་སྐམ་ཐེངས་མང་།

༡༠༡༦༠༤༣

ལོ་ཟླའི་ཆུ་མོ་ཤར་ནས་ནུབ་ཏུ་བཞུད།།
དྲན་པའི་རླུང་བུ་ཕྱོགས་མཚམས་ཀུན་ནས་ལྡང་།།
ཁྱེད་དང་བྲལ་བ་བཟང་ཞེས་ང་ཡིས་བཤད།།
ཡང་བསྐྱར་མཇལ་བའི་ཉི་མ་འཆར་ངེས་རེད།།

མི་ཚེ་དཀའ་ཞེས་ཆང་རག་ཧུབ་འགའ་བཏུང་།།
བརྩེ་དུང་ཟབ་ཅེས་ནན་པའི་ཚིག་འགའ་བརྐོས།།
ཚེ་སྔོན་བརླགས་པའི་གཡུ་ཆུང་གྲུ་དམར་ཁྱེད།།
ཤིང་ལོ་ལྗང་ཁུ་འདི་རང་ཡིན་ན་ཨང་།།

ལྷན་དུ་ཁྲུས་ལ་རོལ་སའི་གཙང་པོ་དེ།།
ཆེ་རུ་སོང་དོན་མིག་ཆུས་མིན་ནམ་སྙམ།།
མདའ་ཤོང་མདུང་ཤོང་ཕོ་རབ་སྙིང་གི་ཞིང་།།
མི་འདོད་རྩྭ་ཡན་དག་གིས་ལྷབ་ལྷབ་གཡོ།།

ཚེ་ནི་ཐུང་ཡང་དྲན་འོས་བརྗེད་འོས་མང་།།
འཚོ་བ་དུབ་རུང་དགའ་འོས་དགོད་འོས་མཆིས།།
སྒང་གཤོང་མང་པོ་མང་པོ་འགྲིམས་པའི་མཐར།།
ཁྱེད་ཀྱི་པང་དུ་ཐུན་གཅིག་ཉལ་སྙིང་བྲོ།།

དང་པོ་ཐུག་ནས་ད་ལྟའི་དུས་འདིའི་བར།།
ཁྱེད་ཀྱི་དོད་དུ་སུ་ཡང་བཞག་པ་མེད།།
བསྔས་མགོ་བརླན་པའི་རྨི་ལམ་འདི་དང་དེ།།
མཚན་གྱི་ཐོག་མཐར་ལ་ཁའི་དར་ལྕོག་བཞིན།།

ཁྲུང་ཁྲུང་ཁྱུ་དང་བྲལ་བ་ང་ཡིན་ན།།
ངང་པ་རྙི་ལ་ཐེབས་པ་ཁྱེད་རང་རེད།
བྱམས་པ་སྙིང་ལ་ཉལ་བའི་ངའི་གླིང་བུ།།
གོ་མཁན་ཤིན་ཏུ་མང་ཡང་རྟོགས་མཁན་དཀོན།།

ནམ་ཟླ་མི་ཚེ་བཞིན་དུ་འགྱུར་བཞིན་འགྲོ།།
མེ་ཏོག་འཆར་ཐེངས་མང་ན་སྐམ་ཐེངས་མང་།།
བརྩེ་བའི་རི་བོ་སྔར་བཞིན་བརྟན་པ་འདི།།
ཤ་བ་ཕོ་མོ་དག་གིས་བརྩེན་ས་བྱེད།།

རྩོམ་སྔ་མ།རྒྱུན་མཐོང་གི་སྤོབས་པ། པོ་ཏ་ལ།
རྩོམ་རྗེས་མ།རླབས།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།