མདུན་ངོས། སྙན་ངག རླབས།

རླབས།

༥༠༠༡༧༥

གདོན་འདྲེའི་སྒྲུང་ནི་མང་ཡང་མཐོང་བ་མེད།།
བརྩེ་དུང་མཐོང་ཐོས་མང་རུང་ཐོབ་པ་དཀོན།།
རྒྱ་མཚོ་ཟབ་པས་ཁྱེད་རང་མཚོན་མིན་ཏེ།།
ནམ་མཁའ་ཡངས་པས་ང་ནི་ག་ལ་མཚོན།།

མཐོན་པོའི་རི་ལ་དགའ་བའི་གླགས་རྒོད་ཅིག །
དམའ་མོའི་མཚོ་གཞུང་འདི་ན་མི་ཚེ་ཟད།།
ཚགས་ཤ་དྲན་གྱིན་ཉ་ཤར་གོམས་བཞིན་པར། །
རྒྱ་མཚོའི་རྦ་རླབས་ཁྱེད་ལ་སེམས་པ་ཤོར།།

བརྟན་པ་ཟེར་ཡང་མི་བརྟན་སྒེའུ་ཁུང་ནས།།
གཡོ་བའི་རླབས་ནི་ཤིན་ཏུ་བརྟན་པར་སྣང་།།
ང་རང་ལྷད་མེད་ཡིན་སྤོབས་མེད་ན་ཡང་།།
འཕྱུར་དང་འཇག་གི་རླབས་ལ་ཁྱད་མི་འཛིན།།

སྐབས་རེ་རླབས་ནི་རི་བཞིན་མཐོ་བར་འགྱུར།།
ཤུགས་ཀྱིས་མཆོངས་ཏེ་བྲང་གིས་རེག་སྙིང་འདོད།།
ལན་རེ་རླབས་ནི་མཛའ་གླུའི་དབྱངས་རྟ་བཞིན།།
ཇི་ཙམ་ཉན་ཀྱང་དེ་ཙམ་ཉན་འདོད་ལངས།།

མི་ཚེ་རླབས་རེད་རེས་མཐོ་རེས་དམའ་རེད།།
རྒྱ་མཚོ་སེམས་རེད་བཟང་འཛོམས་ངན་འཛོམས་རེད།།
མཐའ་ཡས་མཚོ་འདི་བརྒལ་ནས་སོང་སོང་ན།།
བསམ་ཡས་ཧས་པོ་རི་ལ་སླེབས་ཨ་ཡོང་།།

འདམ་ཀ་མེད་པའི་འཕྲང་འདི་དོགས་པ་ལ།།
རང་ཡུལ་ཤོར་བའི་མི་ཚེ་དཀའ་བ་ལ།།
ཁྱེད་རང་རླུང་བཞིན་ཡོང་སྟེ་བདེ་བ་སྟེར།།
དེ་ནས་རླབས་བཞིན་ཡལ་ཏེ་སྙིང་རྨ་བཟོ།།

རེ་དོགས་སྤྲིན་པ་མེད་ན་ནམ་མཁའ་སྟོངས།།
འདོད་ཆགས་བཟི་ཁ་མེད་ན་ཆང་ནི་ཆུ།།
ཡིད་ཆེས་རྣོ་དབལ་མེད་ན་གྲི་ནི་ཤིང་།།
དེ་ཀུན་བརྩེ་བའི་རླབས་ལ་ཚང་དགོས་ཨ།།

རི་རྩེའི་རྩྭ་ཚོགས་དེ་དག་རླབས་བཞིན་གཡོ།།
ཨ་མའི་གཉེར་རིས་དེ་དག་རྦ་རླབས་རེད།།
ང་ཡི་ལག་རིས་དག་ནི་གྲོག་རོང་སྟེ།།
ཁྱེད་ཀྱི་རླབས་ལྡན་ཆུ་མོ་རྒྱུག་ས་རེད།།

“མཚོ་བཞི་རི་དྲུག”ཅན་གྱི་མཛུབ་རིས་འདིས།།
ཕྱིན་དང་འགྲོ་རྒྱུའི་ས་རིས་སྟོན་པ་འདྲ།།
སྙིང་གི་འཕག་ལྡིང་རླབས་དང་མཚུངས་སྟངས་འདིས།།
ང་ཡི་སྲོག་དབང་འདི་ཡང་རླབས་རེད་ཟེར།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།