མདུན་ངོས། སྙན་ངག མ་འགྲིམས་པའི་...

མ་འགྲིམས་པའི་ལམ། (The Road Not Taken)

༡༠༧༠

By Robert Frost རོ་བྷར་ཊི་ ཧྥོ་རོ་སེ་ཊིས་བརྩམས།
Translated by Chung Tsering  ཆུང་ཚེ་རིང་གིས་བསྒྱུར།

སེར་མདོག་ནགས་ནང་ལམ་ཁ་གཉིས་སུ་གྱེས།།
འགྲུལ་མི་གཅིག་གིས་གཉིས་ཀ་ཡོང་མིན་འགྱོད།།
ཡུན་རིང་བསྒྲེངས་བཞིན་ཐག་རིང་གཞོལ་མཚམས་ཀྱི།།
ལམ་མཐའི་ཕྱོགས་དེར་ཁོ་བོས་ཅི་ཐུབ་ཅེར།།

དེ་ནས་ཅིག་ཤོས་ལ་ཞུགས་གཞན་བཞིན་ལེགས།།
ལམ་ཞུགས་ཐལ་བས་སྦག་ཚད་མཚུངས་ན་ཡང་།།
རྩྭ་ཡི་ཚོགས་དང་དེ་ཡིས་བསུ་བའི་ཕྱིར།།
གཅིག་ཏུ་འདི་ལ་བསྐྱོད་འོས་ཆེ་བར་སྣང་།།

ཞོགས་པ་རྐང་རྗེས་ནག་པོས་མ་རེག་པའི།།
ཤིང་ལོ་གསར་པ་གཉིས་ཀར་མཚུངས་པ་ཉིད།།
སྐབས་གཞན་འགྲོ་སྙམ་དང་པོ་བཞག་ནའང་། །
ལམ་གྱིས་ལམ་དྲངས་བསྐྱར་ལོག་སོམ་ཉིའི་གནས།།

ཁོ་བོ་རྒས་དུས་ཤུགས་རིང་ཞིག་དང་ལྷན།།
ནགས་ན་ལམ་གཉིས་གྱེས་ཤིང་ཁོ་བོས་ནི།།
རྒྱུ་འགྲུལ་ཉུང་དེ་བདམས་སོ་དེ་ཡིས་ནི།།
ཁྱད་པར་ཡོད་ཚད་བཟོས་ཅེས་བརྗོད་པར་བྱ།། །།

སྙན་ངག་པ་རོ་བྷར་ཊི་ ཧྥོ་རོ་སེ་ཊི་(1874 – 1963 )ནི་ཨ་རིའི་སྙན་ངག་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གི་སྙན་ངག་འདི་དབྱིན་སྐད་ཀྱི་སྙན་ངག་སྐད་གྲགས་ཆེ་ཤོས་ཀྱི་ཁོངས་སུ་བདམས་ཏེ། མི་རབས་ནས་མི་རབས་སུ་ཀློག་འདོན་བྱེད་ཀྱི་ཡོད། སྙན་ངག་འདིའི་ནང་། རྩོམ་པ་པོས་ནགས་ཚལ་ནང་ལམ་གྱི་གྱེས་མདོ་ཞིག་ཏུ་བསྒྲེངས་ཏེ། ལམ་དང་པོ་བཞག་སྟེ་གཉིས་པ་བདམས་པ་དང་། ལམ་དང་པོར་མ་འོངས་པར་བསྐྱར་ལོག་བྱ་འདོད་ཡོད་ཀྱང་། ལམ་གཉིས་པར་སོང་ན། གཉིས་པ་དེས་མུ་མཐུད་གཞན་དང་གཞན་དུ་འཁྲིད་ངེས་པས། བསྐྱར་ལོག་ཐུབ་མིན་སོམ་ཉི་ཡིན་པ་དང་། ཕྱིས་སུ་རྒས་དུས། རང་ཉིད་ཀྱིས་ལམ་དང་པོ་བདམས་དོན་ནི། དེ་ལ་རྒྱུ་འགྲུལ་བྱེད་མཁན་ཉུང་བ་ཡིན་ཚུལ་གྱི་བཅོས་མའི་རྒྱུ་མཚན་ཞིག་བཤད་རྩིས་ཡོད་ལུགས་བརྗོད་ཡོད། དབྱིན་སྐད་ནང་སྙན་ངག་འདིའི་སྡེབ་སྦྱོར་ལེགས་ཤིང་། དོན་གསལ་ལ། འདི་འདྲའི་འདམ་གའི་རིགས་ནི་མི་ཚེའི་ནང་རྒྱུན་དུ་བྱེད་དགོས་པ་ཞིག་ཡིན་པས། ཀློག་པ་པོ་ཚོས་བསྟན་དོན་རྒྱ་ཆེ་བར་ངོས་འཛིན་བྱེད་བཞིན་མཆིས།

ཕྲན་རང་སྙན་ངག་འདི་ལ་དགའ་ཞིང་། དེ་རིང་དྲན་ཚུལ་གློ་བུར་བ་ཞིག་གིས་རྐྱེན་བྱས་ཏེ། འཕྲལ་མར་བོད་ཡིག་ཏུ་བསྒྱུར་ཏེ་དྲ་ལམ་དུ་བཀོད་པ་འདིར་སྐྱོན་ཆ་དང་ལེགས་བཅོས་དགོས་པ་ཅི་ཞིག་མཆིས་ཀྱང་ཐད་ཀར་གསུངས་པར་བསྐུལ་ལོ།། །།

རྩོམ་སྔ་མ།བདུད་རྩི་འཐུང་བའི་ན་རོ་པ།
རྩོམ་རྗེས་མ།མ་བི།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།