མདུན་ངོས། རྒྱུན་ཤེས། མ་བི།

མ་བི།

༤༧༩༤༥

༅།། བོད་ཀྱི་ཡུལ་དབུས་ཀྱི་ཁ་སྐད་དུ། “མ་བི་”འམ་”མ་བིན“ཞེས་པ་ཞིག་རྗོད་སྲོལ་ཡོད་ཅིང་། དེ་སྤྱོད་སྟངས་དཔེར་ན། “མ་བི་(བིན་)མ་ཤོད་དང་།” “ཁོང་མ་བིན་(བི་)བཟོས་འདུག” ལྟ་བུར་མཚོན་ན། སྔ་མ་རྫུན་གཏམ་དང་ཕྱི་མ་རྫུན་མཁན་དུ་གོ་བར་མངོན།
“མ་བི་”ཞེས་པའི་ཚིག་འདིའི་འབྱུང་རྩ་གང་ཡིན་ཚིག་ཐག་ཆོད་པ་ཞིག་ཞུ་དཀའ་ཡང་། ཕྲན་གྱིས་ད་བར་དཔྱད་ཞིབ་བྱས་པ་ལྟར་ན། “མ་བི”ཞེས་པ་དེ། ཏུན་ཧོང་གི་ཡིག་རྙིང་ནང་དུ། མཐོ་ས་ལ་ “ཡ་བི་”དང་། དམའ་ས་ལ་“མ་བི་”ཞེས་གསལ་བའི་ཕྱི་མ་“མ་བི”དང་འབྲེལ་བ་ཡོད་ས་རེད་སྙམ། དེ་ཡང་ཏུན་ཧོང་ཡིག་རྙིང་ལས།
འབངས་ཀྱིས་ནི་རྗེ་བཀོལ་ཏམ། །
རྗེ་འིས་ནི་འབངས་བཀོལ་བའ། །
དགུང་སྔོན་ནི་ཡ་བི་མཁྱེན། །
མྱི་འིས་ནི་རྟ་བཞོན་ནམ། །
རྟ་འིས་ནི་མྱི་བཞོན་བ།།
པྱྭ་འི་ནི་གཙུག་མཁན་མཁྱེན།།
རྩི་འིས་ནི་ཟོར་གཆད་དམ།།
ཟོར་གྱིས་ནི་རྩྭ་གཆད་པ།།
དོག་མོ་ནི་མ་བི་མཁྱེན།།1 ཞེས་གསལ་ཡོད།
     མགུར་འདིའི་ནང་ “དགུང་སྔོན་ནི་ཡ་བི་མཁྱེན་”ཞེས་དང་“དོག་མོ་ནི་མ་བི་མཁྱེན་”ཞེས་“ཡ་བི་”དགུང་སྔོན་ལ་སྦྱར་བ་དང་། “མ་བི་”དོག་མོ་ས་ལ་སྦྱར་བ་དེའི་ཐོག་ནས། སྐབས་འདིའི་“མ་བི་”ནི། ཡར་མར་གཉིས་ལས་མར་དང་། མཐོ་དམའ་གཉིས་ལས་དམའ་སར་གོ་དགོས་པ་གསལ་པོ་ཡིན། དེར་བརྟེན། གནའ་བོའི་ཡིག་རྙིང་དུ་གསལ་བའི་“མ་བི་”ཞེས་པ་འདི། ད་ལྟ་དབུས་ཀྱི་ཁ་སྐད་དུ་ཡོད་པའི་“མ་བི”འམ་“མ་བིན་”གྱི་འབྱུང་རྩ་ཡང་ཡིན་སྲིད་དེ། བདེན་གཏམ་དང་མི་དྲང་པོ་ནི། ཀུན་གྱིས་གོང་དུ་བཀུར་ཞིང་མཐོ་སར་འཇོག་ལ། དེ་ལས་ལྡོག་སྟེ་རྫུན་གཏམ་དང་རྫུན་མཁན་ནི། ཆོས་དང་འཇིག་རྟེན་ཅི་ཐད་ནས། ཐ་ཤལ་དུ་བརྩིས་ཏེ་དམའ་སར་འཇོག་གི་ཡོད་པར་བརྟེན། རྫུན་གཏམ་དང་རྫུན་མཁན་ལ་དམའ་འབེབས་ཀྱི་རྣམ་པས་“མ་བི་”ཞེས་བརྗོད་པ་ཡིན་སྲིད།
གོང་གི་མགུར་ནང་གསལ་བ་ལྟར། “ཡ་”ཡིས་གོང་ངམ་མཐོ་བ་དང་། “མ”ཡིས་འོག་གམ་དམའ་བ་མཚོན་ཚུལ་དེ་དང་མཚུངས་པར། བོད་སྐད་ནང་ཡ་ཁ་མ་ཁ་དང་། ཡ་གི་མ་གི། ཡ་ཐེམ་མས་ཐེམ་སོགས་ཀྱི་མིང་ཚིག་ཇི་སྙེད་ཅིག་གྲུབ་ཡོད་ཅིང་། ལྟ་སྟངས་དེ་སྐྱེ་བོའི་རང་བཞིན་ལ་སྦྱར་ཏེ། སྐྱེ་བོ་རང་བཞིན་དྲང་ཞིང་བཟང་བ་རྣམས་ལ་“ཡ་རབས་”ཟེར་བ་དང་། སྐྱེ་བོ་རང་བཞིན་འཁྱོག་ཅིང་ངན་པ་ཚོར་“མ་རབས་”ཞེས་བརྗོད་སྲོལ་བརྟན་ཚུགས་པར་ཡོད། ཡང་མཐོ་སར་སྟོད་དང་ཐོད། མཐོ། མཐོན་པོ་བཅས་དང་། དམའ་སར། སྨད་དང་དམད། དམའ། དམན་ཞེས་པའི་ཚིག་ཆགས་ཤིང་། མཐོ་སར་བསྐྱེལ་བའམ་བསྔགས་པ་ལ་བསྟོད་པ་དང་། དམའ་སར་འཕེན་པའམ་འབེབས་པ་ལ། དམའ་འབེབས་ཞེས་པའི་ཚིག་གྲུབ་ཚུལ་འདི་ཚོར་དཔྱད་ན། གནའ་རབས་ཀྱི་བོད་མིས་བཟང་བསྟོད་ངན་སྨད་ཀྱི་ཆ་འཇོག་བྱེད་སྟངས་དང་། རྫུན་མཁན་དང་རྫུན་གཏམ་ལ་“མ་བི”འམ་“མ་བིན་”ཞེས་བརྗོད་སྲིད་པའི་ངེས་ཤེས་ཆེ་རུ་འགྲོའོ།།
ཡང་དབུས་སྐད་དུ། མ་བྲིན་པ་ལ། མ་བིན་པ། བྲིན་པ་ལ་བིན་པ་ཞེས་ར་བཏགས་ཀྱི་སྒྲ་མེད་པར་བརྗོད་སྲོལ་ཡོད་པ་ལས་“མ་བིན་”ཞེས་པའི་ཚིག་དེ་བྱུང་བའང་སྲིད་སྙམ་པས་དཔྱད།། །།

1) དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་བའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོའི་པར་མ། ཤོག་ངོས་ ༨༦ ལ་གསལ།

རྩོམ་སྔ་མ།མ་འགྲིམས་པའི་ལམ། (The Road Not Taken)
རྩོམ་རྗེས་མ།ཕྱེ་མར་དང་སྡེར་ཁ།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།