མདུན་ངོས། རྒྱུན་ཤེས། འབུ་ཕྲའི་སྡུག...

འབུ་ཕྲའི་སྡུག་སྐད།

༡༥༣༣༧༢

༅།། དོ་དགོང་འབུ་ཕྲའི་(Bacteria)རྨོ་མོའི་རྨོ་མོས། འབུ་ཕྲ་རྣམས་རླུང་རྟ་དར་སྐབས་ཀྱི་དུས་སྐབས་ཏེ། ཟས་རིགས་ཀྱི་ནང་དུ་གང་འདོད་འཁྱམས་མྱུལ་བྱེད་ཐུབ་པའི་དུས་སྐབས་ནས་འགོ་བརྩམས་ཏེ། འབུ་ཕྲའི་ཁྱིམ་ཚང་གི་དར་རྒུད་ལོ་རྒྱུས་བཤད་རྒྱུའི་ཁས་ལེན་བྱས་ཡོད་སྟབས། རྟ་གསར་རྒྱུག་འདོད་དང༌། ཕོ་གསར་ངར་འདོད་ཀྱི་དཔེ་ལྟ་བུའི་འབུ་ཕྲ་གཟུགས་དབྱིབས་མི་འདྲ་བ་རྣམས་རང་རང་ལ་སྡོད་ས་ལེགས་པ་ཞིག་ཐོབ་ཆེད་ཚང་ག་ཤིག་ཤིག་ངང་སྡོད་སར་ཧབ་ཐོབ་རྒྱག་བཞིན་འདུག

འབུ་ཕྲའི་མེས་མོས་སྐད་ཆ་མ་བཤད་གོང་ཐོག་མར་འབུ་ཕྲ་གཞོན་ནུ་ཚོར་ཁུ་སིམ་མེར་སྡོད་དགོས་པའི་བརྡ་ཅིག་སྤྲད་པ་དང༌། དེ་ནས་མོས། མོ་རང་གི་རིགས་རྒྱུད་ཡིན་པའི་འབུ་ཕྲ་རྣམས་འབུ་ཕྲ་གཞན་དང་མི་འདྲ་བའི་ཁྱད་ཆོས་ནན་བཤད་བྱས། མོས་བཤད་དོན་ “ངའི་གཅེས་པའི་གཞོན་ནུ་ཚོ། ང་ཚོ་ནི་འབུ་ཕྲ་གཞན་ཚོ་དང་མི་འདྲ་བར་མིའི་རིགས་ལ་གནོད་ཚབ་ཆེན་པོ་བྱེད་ཐུབ་ཀྱི་ཡོད་པས། ང་ཚོ་ནི་དམིགས་བསལ་ཡིན། ང་ཚོས་ཟས་རིགས་ཀྱི་ནང་དུ་གྲམ་ནས་མི་ཚོར་ནད་གཞི་བཟོ་ཐུབ་ཀྱི་ཡོད་ལ། དེ་ལྟར་བྱེད་པར་ང་ཚོ་དགའ་པོ་ཡང་ཡོད”ཅེས་བཤད། འབུ་ཕྲའི་རྨོ་མོས་དེ་ལྟར་བརྗོད་སྐབས། ལོ་ན་རྒན་པའི་དབང་གིས་མིད་པའི་སྦུག་ནས་ཆོབ་སྒྲ་དང༌ཚེར་སྒྲ་ཐོན་གྱི་ཡོད་ཀྱང༌། མོས་སྐད་ཤུགས་སྔར་བས་ཆེ་རུ་བཏང་ནས་མུ་མཐུད་བཤད་པར་“ཁྱེད་ཚོས་རང་གི་ལོ་རྒྱུས་ངེས་པར་ཤེས་པ་བྱས་ཏེ། སྤོབས་པ་བྱེད་དགོས། མ་འོངས་པའི་ང་ཚོའི་རིགས་རྒྱུད་ནི་ཁྱེད་ཚཱུའི་ལག་ཏུ་ཡོད་”ཅེས་བཤད།

འབུ་ཕྲའི་མེས་མོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་དེ་མི་ཚོས་འབུ་ཕྲའི་ནུས་པ་ཐོག་མར་ཤེས་རྟོགས་བྱུང་བ་ནས་འགོ་བརྩམས་ཏེ་བཤད་པར་“ངས་གནས་ཚུལ་དེ་ཐོག་མར་གོ་བའི་དུས་སྐབས་དེ། དུས་ནམ་ཡང་བརྗེད་པ་མི་འདུག ང་ཚོར་སྲིད་པ་ཆགས་པ་ནས་མི་རིགས་ལ་ཉེན་ཚབས་སྣ་ཚོགས་བཟོས་པའི་གཟི་བརྗིད་ཀྱི་ཟིན་ཐོ་ཡོད་ཀྱང༌། ཕ་རན་སིའི་ཚན་རིག་པ་ ལུའི་སེ་ ཕཱ་སེ་ཊོར་(Louis Pasteur) ཞེས་པ་དེས་ང་ཚོའི་གཟི་བརྗིད་ཀྱི་ལོ་རྒྱུས་དེ་མུ་མཐུད་འབྲི་རྒྱུར་འགོག་རྐྱེན་བཟོས་པ་རེད་ ཁོས་ང་ཚོར་“མངོན་མེད་ཕྲ་ཕུང་འདི་ཚོས། ན་ཚ་དང་འཆི་རྐྱེན་བཟོ་གི་ཡོད་”ཅེས་བཤད། དེ་ནས་བཟུང་ང་ཚོར་ངོ་དགའ་སྤྲེལ་ལད་བྱེད་མཁན་མ་བྱུང༌།

ཁོས་བཤད་པ་དེར། ང་ཚོས་སྣང་བ་གང་ཡང་མ་བཏང་བར། སྔར་བས་ལྷག་པའི་སྒོ་ནས་ཟས་རིགས་རུལ་པ་བཟོས་པ་དང༌། ནད་རིགས་འགྲེམས་སྤེལ་བྱས། ཡིན་ནའང༌། ལྟས་ངན་ ཕཱ་སེ་ཊོར་གྱིས་ང་ཚོར་མགོ་བསྐོར་བཏང་སྟེ། ང་ཚོ་སྟངས་འཛིན་བྱེད་སྟངས་ཀྱི་འཆར་གཞི་བཟོས་པ་རེད།” ཅེས་བཤད། བཤད་མཚམས་འདིར་སླེབས་སྐབས་འབུ་ཕྲ་གཞོན་ནུ་ཚོས། མེས་མོས་ཚན་རིག་པ་ཕཱ་སེ་ཊོར་ལ་ཟ་བའི་ཁོང་ཁྲོའི་མེ་ལྕེ་དེ། ད་དུང་ཡང་འབར་བཞིན་ཡོད་པ་མཐོང༌།

དེའི་སྐབས་སུ་བཀྲབ་ལག་ཅེས་པའི་འབུ་ཕྲ་གཞོན་ནུ་གྱོང་པོ་ཞིག་ཡོད་པ་དེས་མེས་མོར་ཕྱོགས་ནས་“ཁོས་གང་འདྲ་བྱས་ནས་ཁྱེད་ལ་མགོ་བསྐོར་བཏང་བ་དེ། ང་ཚོར་གསལ་པོ་གསུངས་རོགས་”ཞེས་ཞུས།

དེ་ལ་འབུ་ཕྲའི་མེས་མོས་“བུ་བཀྲབ་ལགས། ངས་ལོས་བརྗོད། དེ་ནི་དངོས་གནས་ང་ཚོའི་བློ་ལ་མི་འགྲོ་བ་ཞིག་རེད། ཕྱི་ལོ་ ༡༨༦༠ ལོར་ལྟས་ངན་ ཕཱ་སེ་ཊོར་གྱིས་ང་ཚོའི་ཁྱིམ་གཞི་སྟེ་འོ་མ་དང༌། ཕྱུར་བ། དེ་མིན་གྱིས་ཟས་རིགས་བཅས་དུས་ཚོད་ངེས་གཏན་ཞིག་གི་ནང་ཚ་པོ་བཟོས་ན། ང་ཚོ་ནུས་མེད་དུ་གཏོང་ཐུབ་པའི་ཐབས་ལམ་ཤེས་རྟོགས་བྱུང་བ་རེད། ཧེ་ གདུག་རྩུབ་ཅན་གྱི་མི་གཞན་ཚོས་ཀྱང་ཐབས་ལམ་དེ་ནི་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་བ་མ་ཟད། ཁོང་ཚོས་ཐ་ན་ཟས་དུག་སེལ་ཐབས་ཀྱི་བརྒྱུད་རིམ་དེའི་མིང་ལའང་ཕཱ་་་་ཕཱ་་་་ཕཱ་་་ ཕཱ་སེ་ཆོར་རི་ཛེ་ཤོན་(pasteurization)ཞེས་ཁྱིས་བཟའ་རྒྱུ་ཁོའི་མིང་དང་འབྲེལ་ནས་བཏགས་ཡོད་” འབུ་ཕྲའི་མེས་མོས་བཤད་བཞིན་བཤད་བཞིན་ཁོང་ཁྲོ་ཆེན་པོ་ལངས་པའི་དབང་གིས་ཁ་ནས་མུ་མཐུད་ཚིག་ཀྱང་ཐོན་དཀའ་བར་གྱུར།

དེ་ལྟར་བཤད་མཚམས་ཆད་ནས་དུས་ཡུན་རིང་ཙམ་སོང་རྗེས། མེས་མོའི་ཁོང་ཁྲོ་ཅུང་ཞི་ནས་མུ་མཐུད་བཤད་པར་ “དེ་ང་ཚོའི་བར་ཆད་ཅིག་ཡིན་ཀྱང༌། བར་ཆད་དེ་ནི་ང་ཚོ་ཉམས་རྒུད་དུ་འགྲོ་འགོ་ཚུགས་པ་ཙམ་རེད། ལྟས་ངན། ཕཱ་སེ་ཊོར་གྱིས་འབུ་ཕྲས་ནད་གཞིའི་རྐྱེན་རྩ་བྱེད་ཀྱི་ཡོད་པའི་སྐོར་གསལ་བསྒྲགས་བྱས་པ་ནས་བཟུང་ཚན་རིག་པ་གཞན་ཚོས་ཀྱང་ང་ཚོར་འཐབ་རྩོད་བྱེད་རྒྱུའི་ཐབས་ལམ་གང་ཡག་ཅིག་འཚོལ་ཐབས་བྱས་པ་རེད། ཕྱི་ལོ་ ༡༨༨༥ ལོར་ནིའུ་ཡོག་གི་སྨན་པ་མིང་ལ་ ཧར་ཝའི་ ཐ་ཆར་(Hervey Thatcher)ཞེས་པ་དེས་ཤེལ་དེམ་ཞིག་གསར་བཟོའི་ཁེ་དབང་སྒེར་བདག་གི་དབང་ཆ་ཁྲིམས་ཐོག་ནས་ཞུས་ཏེ་བཟོས་པ་རེད། ཤེལ་དེམ་དེའི་ནང་ང་ཚོས་དགའ་པོ་བྱེད་པའི་འོ་མ་གྲང་མོ་བླུགས་ཡོད་ཀྱང༌། དེའི་ཁ་བཙན་པོར་བསྡམས་ཡོད་སྟབས་ང་ཚོ་དེའི་ནང་འཛུལ་ཐབས་མེད་པས། དེའི་ནང་མི་ཚོས་འོ་མ་གསོས་པར་དུས་ཡུན་རིང་པོ་ཉར་ཐུབ་ཀྱི་ཡོད། དེ་ནི་ང་ཚོ་ཉམས་རྒུད་ཀྱི་གཡང་སར་ལྷུང་བའི་དུས་ངན་ཞིག་ཡིན།

ཡིན་ནའང༌། དུས་ཚོད་དེ་ཡང་ང་ཚོའི་སྐྱིད་སྡུག་ཆེས་སྡུག་ཤོས་སུ་སླེབས་པའི་དུས་ཚོད་མིན། དེ་ལས་ཀྱང་དུས་ངན་མང་པོ་ཞིག་ང་ཚོར་བར་མཚམས་མ་ཆད་པར་བྱུང་ཡོད། ཕྱི་ལོ་ ༡༩༢༠ ལོར་ཡང་ཨ་རིའི་མི་གཞན་པ་ཞིག་སྟེ། མིང་ལ་ ཁེ་ལཱ་རན་སི་ བྷར་ཌི་སེ་ཡེ་(Clarence Birdseye)ཞེས་པ་དེར་ང་ཚོ་འཁྱགས་ཤིར་གཏོང་རྒྱུའི་ཐབས་ལམ་བརྙེད་པ་རེད”

བཤད་མཚམས་འདིར་སླེབས་སྐབས་འབུ་ཕྲ་གཞོན་ནུ་རྣམས་དངངས་ནས་མདར་ཞིང༌། དེའི་ཁྲོད་ནས་འབུ་ཕྲའི་ཚ་བོ་ཆུང་ངུ་ཞིག་གིས་མེས་མོར་ཕྱོགས་ཏེ་“ཁོས་ང་ཚོ་གྲང་ངར་གྱི་ཁྲོད་དུ་འཚོ་གནས་བྱེད་མི་ཐུབ་པའི་གནས་ལུགས་དེ། གང་འདྲ་བྱས་ནས་ཤེས་པ་རེད་དམ་”ཞེས་དྲིས།

མེས་མོས་ལན་བཏབས་པར་“གནས་ལུགས་དེ་ནི་ཁོ་ ཁེ་ཎ་ཌའི་ལབ་ར་ཌོར་ ཞེས་པའི་ས་གནས་དེར་ཚོང་འགྲུལ་ལ་བསྐྱོད་སྐབས། ཁོས་ཉ་ཤ་རྣམས་དྲོད་ཚད་ཨང་གྲངས་ཀླད་གོར་འོག་ཏུ་འཁྱགས་པ་བཟོས་ན། འཁྱགས་ཤར་འགྱུར་མྱུར་བ་མ་ཟད། འཁྱགས་པ་བཞུར་རྗེས་སུའང༌། ཉ་ཤའི་བྲོ་བ་དེ་སྔར་བཞིན་ཡག་པོར་གནས་ཀྱི་ཡོད་པ་དོ་སྣང་བྱུང༌། དེར་བརྟེན་ཁོས་ང་ཚོར་ཉ་ཤ་རུལ་དུ་འཇུག་པའི་གོ་སྐབས་ཏིལ་འབྲུ་ཙམ་ཡང་མི་སྤྲོད་པ་དང༌། གང་མྱུར་འཁྱགས་ཤར་གཏོང་ཐུབ་ལ་བྲོ་བ་དང་ཁ་དོག་ཉམས་པ་མེད་པའི་ངང་ཉར་ཚགས་བྱེད་ཐབས་ཚོད་ལྟ་བྱས་ནས་ཤེས་པ་རེད”

བཤད་མཚམས་འདིར་སླེབས་དུས་མེས་མོ་སེམས་སྡུག་གིས་མིག་ཆུ་ཤོར་ནའང༌། མུ་མཐུད་དེ་“དུས་ཚོད་སྡུག་ཤོས་ནི། མིའི་རིགས་ཀྱིས་རྒྱུན་མ་ཆད་པར་ང་ཚོ་གཏན་འགོག་བྱེད་པའི་ཐབས་ལམ་གང་ལེགས་ལེགས་ཤིག་འཚོལ་བ་དེ་ཡིན་ཞིང༌། འདི་འདྲའི་དུས་སྐབས་སུ་ང་ཚོས་ག་རེ་བྱེད་དགོས་སམ། ད་དུང་བློ་ཁོག་ཆེན་པོ་ཡོད་མདོག་བྱེད་རྒྱུ་ཙམ་ཡིན་ནམ་”ཞེས་བཤད།

འབུ་ཕྲ་གཞོན་ནུ་ཚོས་མེས་མོའི་ཉེ་སར་བཅར་ཏེ་མོའི་མིག་ཆུའི་རྡོག་པོ་ཆུང་ཆུང་དག་འཕྱིད། ཡིན་ནའང༌། ཁོང་ཚོ་ཚང་མའི་སེམས་ནང་ཞེད་སྣང་གིས་ཁེང་ཡོད་ཅིང༌། གཅིག་བྱས་ན། ཁོང་ཚོར་ཟས་རིགས་རུལ་དུ་འཇུག་པ་དང༌། ནད་རིགས་འགྲེམས་པའི་གོ་སྐབས་དུས་ནམ་ཡང་ཐོབ་མི་སྲིད་པ་རེད། གལ་ཏེ་དེ་འདྲ་བྱུང་ན། རང་ཅག་གི་མི་ཚེ་འདི་ཅི་འདྲ་ཞིག་ཏུ་འགྱུར་ཡོང་ངམ།། །།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།